ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །གངས་སྐྱིད་ལས་བྱེད་གསོལ་ཚིགས་ཁང་གི་ཚོགས་ཁང་དུ་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡༡ ཚེས་ ༡༣ ཉིན་སྔ་དྲོ་གངས་ལྗོངས་སྱུ་གུ་ཚོགས་པས་གསུམ་བཅུའི་དུས་དྲན་ཐེངས་ ༤༩ རྗེས་རྒྱ་དམར་གྱི་འཁྱོག་བརྗོད་རང་བཞིན་ལ་དྲང་ཐད་ནས་ལན་འདེབས་བྱས་པའི་༼བོད་ཀྱི་མིག་༽ཅེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་པ་རེད།
བོད་ཀྱི་མིག་ཅེས་པའི་དཔེ་དེབ་ཀྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་རྣམ་གཉིས་ཡིན་པ་དང་། མཛད་སྒོའི་ཐོག་མར་ཚང་མས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་བོད་བསྟན་སྲིད་དང་མི་རིགས་བཅས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་བྱེད་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་སྐར་མ་གཅིག་རིང་མྱ་ངན་ངག་བཅད་དང་གུས་འདུད་གནང་རྗེས་སྨྱུ་གུ་ཚོགས་པའི་ཚོགས་གཞོན་ནས་དེབ་གཟུགས་གཉིས་ཀྱི་བྱུང་རིམ་དང་སྨྱུ་གུ་ཚོགས་པའི་ཚོགས་གཙོས་དེའི་དགོས་དོན། དེ་བཞིན་སྨྱུག་ཚོགས་ཀྱི་སློབ་སྟོན་པ་སྤྱི་འཐུས་སློབ་དགེ་ལྷ་མོ་སྐྱབས་ལགས་བཅས་ནས་གསུང་བཤད་གནང་།
དེ་རྗེས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས་གསུང་བཤད་གནང་བའི་ནང་། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ཤེས་འཇོན་གཉིས་ལྡན་མང་པོ་ཞིག་ཡོད་པ་རེད། དབྱིན་ཡིག་དང་། རྒྱ་ཡིག ཧིན་ཡིག་བཅས་ཀྱི་ཐོག་འབྲི་ཤེས་མཁན་ཡོད་པ་རེད། དེབ་འདི་བོད་ཡིག་ཐོག་ནས་བྲིས་པ་ཞིག་རེད། འོན་ཀྱང་དེང་སང་འཛམ་གླིང་ཐོག་དབྱིན་ཡིག་ཐོག་བྲིས་ན་ཁྱབ་ཆེ་བ་དང་། དོ་སྣང་བཅས་རང་བཞིན་གྱིས་ཤུགས་ཆེ་བ་ཡོད། དེབ་འདིའི་ནང་ང་རང་གི་མཐོང་ཚུལ་ལྟར་བྱས་ན། བཙན་བྱོལ་བོད་གཞུང་གི་མཛད་གཙོ་ཟུར་པ་འགའ་ཤས་མ་གཏོགས་མང་ཆེ་བ་བཙན་བྱོལ་ནང་ཕྱིས་སུ་སླེབས་མཁན་ལྟ་བུ་མཐོང་བྱུང་། ང་ཚོ་བཙན་བྱོལ་ནང་འཚར་ལོངས་བྱུང་མཁན་ཚོས་དཔེ་འདི་ལེན་ཏེ་དབྱིན་ཡིག་ཐོག་འབྲི་ཐུབ་ན་ཡག་པོ་འདུག གལ་སྲིད་དེ་འདྲ་མ་བྱུང་ནའང་བོད་ཡིག་ཐོག་ཡོད་པ་དེ་དབྱིན་ཡིག་ཐོག་བསྒྱུར་ཐུབ་ནའང་འགྲིག་གི་རེད། འཛམ་གླིང་རྒྱལ་སྤྱིའི་ཐོག་འགྲེམས་སྤེལ་ཐུབ་པ་ཞིག་དང་། འགྲེམས་སྤེལ་འོས་པ། བདེན་པ་དང་། དཔང་རྟགས། ཚད་ལྡན་བཅས་བཟོ་དགོས་རྒྱུ་ནི་མིག་ལྟ་བུ་རེད་བསམ་གྱི་ཡོད། དེ་བཞིན་ང་ཚོས་ལས་འགུལ་འདྲ་མིན་མང་པོ་ཞིག་སྤེལ་ཡོད་པ་རེད། ལས་འགུལ་སྤེལ་སྐབས་བོད་པའི་སྤྱི་ཚོགས་ནང་ང་ཚོ་འགོ་ཁྲིད་མཁན་གྱིས་ཁྲིད་ཐུབ་པ་ཡིན་ན། མཇུག་ལ་ཡོང་མཁན་རྣམས་པ་བརྒྱ་གཅིག་མཆོངས་གཅིག་རེད་འདུག ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་ནས་གསུང་བཤད་གནང་དོན། སྨྱུ་གུ་ཚོགས་པའི་ཚོགས་མི་ཚང་མར་ངས་དགའ་པོའི་ཐོག་ནས་ཞུ་རྒྱུར། ཁྱེད་ཚོས་ཚོགས་པ་བཙུགས་པ་ཙམ་མ་ཟད། ང་ཚོའི་སྤྱི་ཚོགས་ནང་གི་མ་འོངས་པའི་སོན་རྩ་བཟོ་སའི་སློབ་གྲྭ་ཁག་གི་དགེ་རྒན་གནང་མཁན་ཤ་སྟག་དང་། དེ་ཡང་ས་ཁུལ་གཅིག་ཙམ་ནས་མ་ཡིན་པར་ས་ཁུལ་མང་པོ་ཞིག་ནས་འཛོམས་པའི་གནས་ཚུལ་ཞིག་ཆགས་ཡོད་པ་རེད་འདུག་པར་ངས་དགའ་པོའི་ཐོག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཅེས་དང་། ང་ཚོ་ད་ཆ་སོ་སོའི་ལུང་པ་དང་བྲལ་ཏེ་མིའི་ལུང་པར་སྐྱབས་བཅོལ་བའི་སྤྱི་ཚོགས་ནང་སྐུ་ངལ་ཆེན་པོའི་ཐོག་སླེབས་ཡོད་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེ་བའི་དབུ་ཁྲིད་དང་བླ་ན་མེད་པའི་ཐུགས་རྗེའི་ལམ་སྟོན་འོག་སྐྱབས་བཅོལ་བ་འདྲ་དྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཏེ་སྐྱབས་བཅོལ་བའི་སྤྱི་ཚོགས་ནང་སྒྲིག་འཛུགས་འདྲ་མིན་དང་། སློབ་གྲྭ་འདྲ་མིན། དེ་བཞིན་དགེ་རྒན་མང་པོ་ཕེབས་ཐུབ་པ་བྱུང་བ་དང་། དགེ་རྒན་གནང་མུས་ནང་ནས་ཤེས་ཡོན་ལྡན་པ་མང་པོ་ཞིག་ཡོད་པའི་ཆ་རྐྱེན་ལ་བརྟེན་ད་རེས་ཁོང་རྣམ་པས་ཐུགས་འགན་རྐང་བཞེས་གནང་སྟེ་བོད་ནང་གི་གལ་ཆེའི་ཛ་དྲག་གནས་ཚུལ་ཞིག་བྱུང་བར་དྭང་བླངས་ཀྱི་ཐུགས་འགན་བཞེས་ཏེ་སྨྱུ་གུ་ཚོགས་པ་བཙུགས་གནང་སྟེ་ཕྱག་ལས་དབུ་བརྙེས་ཡོད་པ་རེད། ཅེས་དང་།
མུ་མཐུད་གསུང་དོན། ལས་ཀ་གང་ཞིག་འགོ་འཛུགས་སྐབས་ཆ་རྐྱེན་དང་མི་འགྲོ་སོགས་གང་ཅིའི་ཐད་མི་འདང་བ་སོགས་ཡོང་སྐབས་རང་བཞིན་གྱི་དཀལ་ངལ་ཆེན་པོ་ཞིག་ཏན་ཏན་ཡོད་པ་རེད་བསམ་གྱི་འདུག ཡིན་ནའང་དཀའ་ངལ་དེ་དག་ལ་གདོང་ལེན་གནང་སྟེ་ད་རེས་ཀྱི་ཕྱག་དེབ་དེ་གལ་ཆེར་འཛིན་ཏེ་རྩོམ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་གསུང་བཤད་གནང་། དེ་ནས་སྨྱུག་ཚོགས་ཀྱི་འབྲེལ་མཐུད་དྲུང་ཡིག་ནས་རྩིས་ཁྲའི་བྱུང་སོང་ཁག་གསལ་བཤད་དང་། དཔེ་དེབ་དེ་བཞིན་དབྱིན་ཡིག་ཐོག་ཡིག་སྒྱུར་ཞུ་མུས་ཡིན་ལུགས། ལྷག་པར་དུ་རྒྱ་ཡིག་ནང་དུའང་བསྒྱུར་རྒྱུ་ཡིན་པའི་འགྲེལ་བརྗོད་གནང་བ་དང་བསྟུན་ཐུགས་རྗེ་ཆེ་ཞུའི་གསུང་བཤད་ཀྱང་གནང་ཡོད།
ཐེངས་འདིའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་། རྩོམ་སྒྲིག་པ་དང་། ཉམས་ཞིབ་པ། གསར་འགོད་པ་བཅས་བཅར་ཡོད་པའི་གནས་ཚུལ་དུ།