༢༠༠༨།༡༡།༣
བོད་མིའི་དྲང་བདེན་གྱི་ཞུ་འབོད་ལ་བདག་སྐྱོང་མེད་པར་ལུགས་མཐུན་མིན་པའི་ཁྲིམས་གཅོད་མུ་མཐུད་གཏོང་བཞིན་པ།
༄༅། །དེ་ཡང་ད་ལོ་གསུམ་བཅུའི་དུས་དྲན་ནས་བཟུང་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཙམ་མ་ཡིན་པ། བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་ནས་གཞིས་ལུས་བོད་མི་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་།པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གློད་བཀྲོལ་གཏོང་དགོས་པ། བོད་མི་མང་ཙམ་མ་ཟད། སེམས་ཅན་དབུགས་ཐོག་ཚད་ཚུན་ཆད་ལ་ཞི་བདེ་དང་རང་དབང་སྤྲད་དགོས་པ་སོགས་ཀྱི་ཞི་རྒོལ་སྐད་འབོད་རིམ་པར་གནང་ཡོད་ནའང་། རྒྱ་གཞུང་གིས་བོད་མིའི་ཞུ་འབོད་ལ་བདག་སྐྱོང་གང་ཡང་མ་བྱས་པར་བོད་མི་ཉུང་ཤས་ཤིག་གིས་རྒྱལ་ཁབ་ཁ་བྲལ་བཏང་བའི་ལས་འགུལ་སྤེལ་བ་དང་། ཏཱ་ལའི་ལོག་སྤྱོད་རུ་ཁག་གི་ཕྱོགས་གཏོགས་ཡིན་པ། བརྡུང་གཅོག་འཕྲོག་སྲེག་གི་ལས་འགུལ་སྤེལ་ཚུལ་སོགས་ལ་ཁག་དཀྲིས་ཏེ་བོད་མི་བརྒྱ་ཕྲག་གཉིས་ལྷག་རྐྱེན་འདས་སུ་བཏང་བ་དང་། སྟོང་ཕྲག་མང་པོར་རྨས་སྐྱོན་དང་འཛིན་བཟུང་བཀག་ཉར་བྱས་པ་སོགས་མི་སྤྱོད་ལས་འདས་པའི་དྲག་གནོན་ཇི་བྱས་གཟུ་བོར་གནས་པའི་འཛམ་གླིང་སྐྱེ་བོ་ཡོངས་ཀྱིས་མཐོང་ཐོས་སུ་གྱུར་ཡོད་ཀྱང་། རྒྱ་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་སྡེ་སོགས་ལ་སྙན་ཐོ་རྫུན་མ་ཕུལ་བ་དང་། ད་དུང་ཡང་མུ་མཐུད་བོད་མི་རྣམས་ལ་ཁྲིམས་ཐག་གཅོད་བཞིན་ཡོད་པ་རེད།
འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། སི་ཁྲོན་ཞིང་ཆེན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་དར་མདོ་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་གསེར་རྟ་རྫོང་ཁོངས་ནས་ཡིན་པའི་བོ ད་མི་ཞིག་ལ་ལོ་ ༡༠ བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དངོས་བདེན་ཡིན་འདུག་ཀྱང་མི་དེའི་མིང་ད་ལྟ་ཤེས་རྟོགས་བྱུང་མི་འདུག
ཡང་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་ཁྲིམས་ཁང་དེ་རང་ནས་སི་ཁྲོན་ཞིང་ཆེན་དཀར་མཛེས་ནང་བསྟན་སློབ་གྲྭའི་སློབ་བུ་དཀར་མཛེས་རྫོང་ཁོངས་གདོང་ཐོག་དགོན་གྱི་གྲྭ་རང་ལོ་ ༢༦ ལ་སོན་པ་ཤེས་རབ་བཟང་པོ་ལ་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཁོང་ནི་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་དར་རྩེ་མདོ་རུ་རས་ཕི་ཊི་ ༩ ཙམ་ཡོད་པ་ཞིག་ཐོག་བོད་ཀྱི་རྒྱལ་དར་བྲིས་པ་འཕྱར་ནས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་མཁན་ཞིག་ཡིན།
ཡང་དར་མདོ་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་དཀར་མཛེས་གསེར་ཆུ་སྟེང་ནས་ཡིན་པ་དངོས་དགའ་(རང་ལོ་ ༥༣)ལ་ལོ་ ༨ དང་། དཀར་མཛེས་གྲུ་ཁང་སྟེང་ནས་ཡིན་པ་ནོར་བུ་ཚེ་རིང་(རང་ལོ་ ༤༩)ལ་ལོ་ ༧ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག
དངོས་དགའ་ད་ལོ་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་དཀར་མཛེས་རྫོང་དུ་ཞི་རྒོལ་གནང་སྐབས་སྣེ་ཁྲིད་མཁན་གྲས་ཤིག་ཡིན་འདུག་པ་དང་། སྐབས་དེར་ཁོང་ལ་རྨས་སྐྱོན་ཡང་ཕོག་ཡོད་འདུག ནོར་བུ་ཚེ་རིང་ཡང་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ཞི་རྒོལ་གནང་མཁན་གྲས་སུ་ཡོད་པ་ཞིག་ཡིན།
ཡང་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་གྱི་སྔ་དྲོ་སི་ཁྲོན་ཞིང་ཆེན། རྔ་པ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྔ་པ་རྫོང་ཁོངས་ཨ་མཆོག་མཚན་ཉིད་དགོན་གྱི་ ༼སྨྲ་་སེང་བཞད་སྒྲ་༽ ཞེས་པའི་དུས་དེབ་རྩོམ་སྒྲིག་པ་རང་ལོ་ ༢༣ ལ་སོན་པའི་གྲྭ་༸ཀླུ་སྒྲུབ་ཕུན་ཚོགས་ལ་ལོ་ ༡༣ དང་། རང་ལོ་ ༣༣ ལ་སོན་པའི་གྲྭ་༸ཀླུ་སྒྲུབ་ཡེ་ཤེས་ལ་ལོ་ ༡༣ དང་ཕྱེད་ཀ། རང་ལོ་ ༤༢ ལ་སོན་པའི་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལ་ལོ་ ༩ རང་ལོ་ ༤༣ ལ་སོན་པའི་གྲྭ་༸ཀླུ་སྒྲུབ་བསྟན་དར་ལ་ལོ་ ༣ བཅས་ཀྱི་ཁྲིམས་གཅོད་བྱས་ཡོད་འདུག
གཞན་ཡང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དྲ་རྒྱ་ནང་ཟླ་ ༡༠ ཚེས་ ༢༩ ཉིན་གནས་ཚུལ་སྤེལ་གསལ་ལྟར་ན། ལྷ་ས་གྲོང་ཁྱེར་ཁོངས་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ནས་བློ་བཟང་ཚེ་མེད་(མིང་གཞན་པ་སངས།)དང་། རྡོ་ལགས་གཉིས་ལ་ལོ་ ༡༥ བཙོན་འཇུག་ཁྲིམས་ཆད་དང་། ཆབ་སྲིད་ཁེ་དབང་ལོ་ ༥ འཕྲོག་པ། སྒོར་ ༢༠༠༠ རེའི་ཆད་པ་གཅོད་ཡོད་འདུག་པ་དང་། སྐལ་ལྡན་ཆོས་གྲགས་(མིང་གཞན་སྐལ་ལྡན།)དང་། ལྷག་སྒྲོན། བསྟན་པ་དོན་གྲུབ། བློ་བཟང་མཁས་མཆོག(མིང་གཞན་བཀྲ་ཤིས་ནོར་བུ།) རྡོ་རྗེ་སྒྲོལ་མ། བཀྲ་ཤིས་རྣམ་རྒྱལ་བཅས་ལ་ལོ་ ༡༤ ནས་ལོ་ ༥ བར་གྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་མི་དམངས་ཁྲིམས་ཁང་ནས་ཕུན་ཚོགས་བསྟན་པ་ལ་ལོ་ ༣ དང་ཟླ་ ༩ ཕུན་ཚོགས་ལ་ལོ་ ༢ དང་ཟླ་ ༩ ཕུན་ཚོགས་ཁྲ་ལྡན་ལ་ལོ་ ༢ དང་ཟླ་ ༦ བཅས་ཀྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
ལྷ་ས་གྲོང་ཁྱེར་ཁོངས་གཏོགས་ཆུ་ཤུལ་རྫོང་མི་དམངས་ཁྲིམས་ཁང་ནས་བློ་བཟང་ཚེ་འཕེལ་ལ་དུས་བཀག་བཙོན་འཇུག་ལོ་ ༩ དང་། ཆབ་སྲིད་ཀྱི་ཁེ་དབང་ལོ་ ༢ འཕྲོག་པ། ཚེ་རྣམ་ལ་དུས་བཀག་བཙོནའཇུག་ལོ་ ༥ ཡི་ཁྲིམས་ཐག་བཅད་ཡོད་ཚུལ་བཅས་ཐོན་བཞིན་འདུག
གོང་གསལ་གནས་ཚུལ་རྣམས་ནི་འདིར་འབྲེལ་ཡོད་ཁག་ནས་མཁོ་སྤྲོད་གནང་བ་དང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་པ་ལས་དཔེར་མཚོན་ཙམ་ཟུར་འདོན་བྱས་པ་ཡིན་པས། ད་ལྟ་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་ཧ་ཅང་དམ་དྲག་དང་འཇིགས་སྐུལ་བྱེད་བཞིན་ཡོད་པ་གསལ་པོ་རེད།
བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས།
ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༣ ལ།།
ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ། ང་ཚོས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱལ་སྤྱིའི་མི་སྤྱོད་ལས་འདས་པའི་མནར་གཅོད་འགོག་པའི་ཚོགས་པའི་ལམ་སྟོན་ལྟར་རྒྱ་གཞུང་ནས་ལག་བསྟར་འཕྲལ་མར་ཡོང་བ་དང་། གཤམ་གསལ་ཛ་དྲག་གི་རེ་འབོད་ཞུ་བཞིན་ཡོད།
- བོད་ཡོངས་སུ་རྒྱལ་སྤྱིའི་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་པ་ཁག་འཕྲལ་དུ་གཏོང་དགོས་པ།
- རིས་སུ་མ་ཆད་པའི་གསར་འགོད་པ་རྣམས་བོད་ས་ཡོངས་སུ་གཏོང་དགོས་པ།
- བོད་ས་ཡོངས་སུ་དྲག་གནོན་གསོད་བརྡུང་གི་སྦྱོར་ངན་འཕྲལ་དུ་མཚམས་འཇོག་དགོས་པ།
- འཛིན་བཟུང་དང་བཙོན་འཇུག་བྱས་པའི་བཙོན་པ་ཡོངས་འཕྲལ་དུ་གློད་དགོས་པ།
- བོད་མིའི་ཐོག་དྲང་བདེན་མིན་པའི་ཁྲིམས་ཐག་གཅོད་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ།