ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༧ རེས་གཟའ་ཟླ་བ།
བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མ་མཆིས་པའི་དབུ་འཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ། དོན་གྱི་སླད་དུ་མཚན་ནས་སྨྲོས་ན་༸རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་༸དཔལ་བཟང་པོ་༸སྐུའི་ཕྲེང་བ་བཅུ་བཞི་པ་ཆེན་པོ་མཆོག་ནས་རླབས་ཆེན་ལམ་སྟོན་གནང་བའི་འོག་བོད་རྒྱལ་ལོ་ ༢༡༡༨ ཟླ་ ༥ ཚེས་ ༢ དང་། ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན་སྐབས་བཅིུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འགན་འཁུར་བླངས་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་སྟེ་ཁྲིམས་སུ་བཅས་པར། བོད་རབ་བྱུང་བཅུ་བདུན་པའི་ལྕགས་ལུག་ཟླ་ ༥ ཚེས་ ༡༦ དང་། ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྩ་འཛིན་ལག་ལེན་བསྟར་རྒྱུར་ཆོག་མཆན་མཚན་རྟགས་སྩལ་གནང་མཛད་ཡོད། དུས་དེ་ནས་བཟུང་བཅའ་ཁྲིམས་ཀྱི་དགོངས་དོན་དོན་ཚན་ང་དགུ་པའི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་བ་ད་རེས་ཐེངས་དང་པོ་ཡིན་པར་བརྟེན་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཚོགས་ཆེན་འདི་ཐོག་དམིགས་བསལ་གདན་ཞུས་དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ཁྲིམས་ཞིབ་པ་གཞན་གཉིས། འོས་བསྡུ་ལས་ཁང་དང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གཉིས་གཅིག་ལྕོགས་ཀྱི་འགན་འཛིན་མཆོག སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་འགན་འཛིན་མཆོག་བཅས་དང་། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་དང་བཀའ་བློན་རྣམ་པ། དེ་བཞིན་བཀུར་འོས་སྤྱི་འཐུས་རྣམ་པས་དབུས་ཆེད་དུ་ཕེབས་པའི་ཚོགས་བཅར་བ་ཡོངས་ལ་ཚོགས་གཙོ་སྦྲེལ་པོས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་སྐུ་ཚབ་ཞུས་ཏེ་མཛའ་བརྩེས་དྲངས་པའི་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་ཡང་༸དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༡ ཉིན་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་དང་། བཀའ་ཤག་ཐོུང་ལ་སྩལ་བའི་ཕྱག་བྲིས་ནང་ “སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བར་ལམ་བོད་ནང་ཛ་དྲག་གི་བྱུང་རྐྱེན་དང་། རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་བགྲོ་གླེང་ཞིབ་ལྷོད་ཅིག་གནང་ཆེད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་ནང་གསེས་ཁག་གི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཞིག་འདི་ལོ་ཕྱི་ཟླ་ ༡༡།༡༢ གང་རུང་དུ་བསྡུ་བསྐོང་དགོས་རྒྱུ་དང་། ཚོགས་མི་དང་ཚོགས་དུས་བཅས་དེ་ནས་འཆར་འགོད་ཀྱིས་གང་མྱུར་༸སྙན་འབུལ་གནང་དགོས་བཀའ་སྤྱི་ཕེབས་འདུག་ “ཅེས་ཕེབས་ཅིང་། དེ་སྐབས་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་དྲུག་པ་བསྐྱངས་བཞིན་པ་ལྟར་བཀའ་སྤྱི་གཉིས་ལས་གྲུབ་པའི་གྲོས་ཚོགས་ནས་འགན་འཁུར་ཆེན་པོས་དམིགས་བསལ་ཚོགས་ཆེན་གྱི་ལས་རིམ་འཆར་གཞི་བགྲོ་གླེང་ལྷུག་པོ་དང་བཅས་སྤྱི་མོས་ཀྱིས་གཏན་འབེབས་ཞུས་ཏེ་དེ་ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོར་༸སྙན་གསན་ཆེད་འབུལ་ལམ་ཞུས་ཡོད། ཚེས་ ༡༨ ཉིན་སྐུ་སྒེར་ཡིག་ཚང་ནས་བཀའ་ལན་དུ་ ” དགོངས་དོན་ལྟར་འཆར་སྙན་ཞིབ་ཕྲ་ཕུལ་འབྱོར་བྱུང་བ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་བསྟར་༸སྙན་སེང་ཞུས་པར། དེ་དོན་འཐུས་རྒྱུ་ཞེས་བཀའ་སྤྱི་ཕེབས་བྱུང་བ་རྣམ་མངའ་མཁྱེན་ ” ཞེས་ཕེབས་གནང་བྱུང་བ་དང་སྦྲགས་གྲ་སྒྲིག་འཐུས་ཚང་ཞུ་འགོ་བཙུགས་པ་ཡིན། བཅའ་ཁྲིམས་དོན་ཚན་ང་དགུ་པའི་ནང་གསེས་དང་པོར་ ” ཛ་དྲག་དང་གལ་ཆེའི་ལས་དོན་ཐོག་རྒྱ་ཆེའི་མང་ཚོགས་ཀྱི་བསམ་གྲོས་བསྡུར་དགོས་ཀྱི་གནས་ཚུལ་བྱུང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོས་བཀའ་ཁྱབ་བསྩལ་བའམ། ཡང་ན་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ་བཅས་གྲོས་བསྡུར་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོར་༸སྙན་སེང་བཀའ་འཁྲོལ་བྱུང་བསྟུན་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་འཐུས་ ” ཞེས་གསལ་ཡོད་ཅིང་། ཀུན་གྱིས་མཁྱེན་གསལ་ལྟར་ད་རེས་ཀྱི་དམིགས་བསལ་ཚོགས་ཆེན་འདི་དག་༸གོང་ས་མཆོག་ནས་བཀའ་ཁྱབ་བསྩལ་ངོར་བསྡུ་བསྐོང་གནང་བ་ཞིག་ཡིན་སྟབས་ཆེས་གལ་ཆེར་ངོས་འཛིན་ཞུ་དགོས་པའི་དམིགས་བསལ་རྒྱུ་མཚན་ལྡན་པ་ཞིག་ཆགས་ཡོད། དེར་བརྟེན་ཚོགས་ཆེན་གྱི་ཚོགས་དུས་དང་། ཚོགས་ཡུལ། ཚོགས་མིའི་ཡོང་ཁུངས་རྣམ་གྲངས་ ༡༥ གྲོས་གཞི། ལས་རིམ་བཅས་གྲོས་ཚོགས་ནས་གཏན་འབེབས་ཀྱིས་༸གོང་ས་མཆོག་ནས་བཀའ་འཁྲོལ་ཞུ་ཐོབ་ཟིན་པར་བསྒྱུར་བཅོས་གང་ཡང་གཏོང་དབང་མེད་ཀྱང་ཚོགས་བསྐོང་འགན་འཛིན་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཡིན་པར་བརྟེན་གྲ་སྒྲིག་འཐུས་ཚང་ཡོང་སླད་ཚོགས་གཙོ་སྦྲེལ་པོས་ཐེངས་འགའ་ཤས་དཔལ་ལྡན་བཀའ་ཁྲི་མཆོག་བརྒྱུད་བཀའ་ཤག་ལ་དགོངས་བསྡུར་ཞུས་པ་དང་། སྤྱི་འཐུས་རྒྱུན་ལས་ནས་ཆེད་མངགས་ཚོགས་གཙོ་སྦྲེལ་པོས་དབུ་འཁྲིད་པའི་རྒྱུན་ལས་ཚོགས་མི་གསུམ་ལྡན་གྱི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་ཟུར་འཛུགས་ཞུས་ཏེ་ཚོགས་ཆེན་གྱི་འགྲོ་གྲོན་སྔོན་རྩིས་བཀའ་འཁྲོལ་དང་། ལས་བྱེད་འཕར་མ་ཇི་དགོས་བསྐོ་གཞག་ཞུས་ཏེ་གྲ་སྒྲིག་འཐུས་ཚང་ཞུས་ཁུལ་ཡིན།
རང་རིགས་ཐུགས་འཁུར་ཅན་འགའ་ཤས་ནས་ཚོགས་ཆེན་ཚགས་ཚུད་ཡོང་རྒྱུར་སྨན་པའི་དགོངས་འཆར་གནང་མཁན་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཕལ་མོ་ཆེས་ང་ཚོ་འགན་ཡོད་རྣམས་ལ་གདེང་འཇོག་གནང་བའི་ཡིད་ཆེས་ཞུ་བཞིན་ཡོད། གནད་དོན་འགའ་ཤས་ཐོག་གསལ་བཤད་ཞུ་རྒྱུར།
༡༽དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞིའི་ཐད། ཚོགས་བཅར་བ་རྣམས་ཀྱི་ཡིག་སྣོད་ནང་འགྲེམས་སྤེལ་ཞུས་ཡོད་པ་བཞིན་༸དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༡ ཉིན་ཕེབས་པའི་ཕྱག་བྲིས་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་དགོས་པའི་གྲོས་གཞི་གསལ་འཁོད་ཡོད་པར་བརྟེན་གྲོས་ཚོགས་ནས་བསྒྱུར་བཅོས་དགོས་གལ་མ་གཟིགས་པར་རང་འཇགས་འཇོག་གནང་མཛད་ཡོད།
༢༽ཚོགས་མིའི་ཡོང་ཁུངས་ ད༽ གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། ཕ༽ རང་སྐྱོང་སྡེ་ཚན་ཁག་ཐད། ཚོགས་པ་དང་སྡེ་ཚན་འགའ་ཤས་ཟུར་འཛར་སོ་སོར་གསལ་བའི་ཐོ་གཞུང་ནང་མ་ཚུད་པའི་ཐོག་སྙན་ཞུ་དང་། དགོངས་ཚུལ་གསུང་མཁན་བྱུང་བར་ཚོགས་བསྐོང་འགན་འཛིན་པའི་ངོས་ནས་གྲོས་ཚོགས་ནས་གཏན་འབེབས་གནང་བར་༸གོང་ས་མཆོག་ནས་ཆོག་མཆན་བཀའ་འཁྲོལ་སྩལ་ཟིན་པའི་གནས་སྟངས་ལ་འགྱུར་བ་གང་ཡང་གཏོང་དབང་མེད་པར་སོང་བྱ་ཐབས་བྲལ། འོན་ཀྱང་དེས་ཚོགས་པ་དང་སྡེ་ཚན་དེ་དག་ལ་ངོས་འཛིན་མེད་པའི་སྲིད་བྱུས་ཤིག་རྩ་བ་ནས་མིན་པར་སོང་མ་འོངས་པར་དམིགས་བསལ་ཚོགས་ཆེན་ཙམ་མིན་པར་རྣམ་ཀུན་རང་གཞུང་གི་ཐོ་གཞུང་ནང་ཚུད་ཐབས་རང་དོན་རང་གཅེས་གནང་དགོས།
༣༽ཚོགས་མིའི་ཡོང་ཁུངས་ ཐ༽ ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ཐད། ཕྱི་དྲིལ་ལས་ཁུངས་བརྒྱུད་ཕྱི་རྒྱལ་དོན་གཅོད་ཁག་སོ་སོར་འགན་དབང་བསྐུར་བའི་ཐོ་གཞུང་ལ་རྩ་འཛིན་ཞུས་ཡོད།
༤༽ཚོགས་མིའི་ཡོང་ཁུངས་ ན༽ སློབ་གྲྭ་ཁག་གི་འགན་འཛིན་སྐུ་ཚབ་ཐད་འབྲེལ་ཡོད་ཤེས་རིག་ལས་ཁུངས་ལ་ཐུགས་འགན་ཕུལ་བའི་ཐོ་གཞུང་ལ་རྩ་འཛིན་ཞུས་ཡོད།
༥༽ཚོགས་མིའི་ཡོང་ཁུངས་ ང༽ ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་སོ་སོའི་གྲྭ་བཙུན་སྐུ་ཚབ་ཐད། ཆོས་བརྒྱུད་སོ་སོའི་སྤྱི་འཐུས་རྣམ་པར་ཐུགས་འགན་གཙང་མ་ཕུལ་ཏེ་ཐོ་གཞུང་ཇི་གནང་ལ་རྩ་འཛིན་ཞུས་ཡོད།
༦༽ཚོགས་མིའི་ཡོང་ཁུངས་ བ༽ རྒྱུན་ལྡན་བོད་དོན་ཐོག་ཐུགས་སྣང་དང་འགན་འཁུར་ལས་འགུལ་གནང་མཁན་དགོངས་འཆར་གནང་འདོད་ཡོད་རིགས་ནས་དྭང་བླངས་ཕེབས་མཁན་གྲངས་རྒྱ་བལ་འབྲུག་གསུམ་ནས་ ༢༥ དེ་མིན་ནས་ ༢༥ ལས་མ་མང་བ་གསལ་ཐད། རྒྱས་བཅད་དུས་བཀག་ཞུས་པའི་དུས་ཡུན་ནང་སྙན་ཞུ་རྣམས་ཚོགས་དྲུང་ལས་ཁུངས་སུ་འབྱོར་སྔ་ཕྱི་བང་རིམ་བཞིན་མཚན་བཀོད་ཞུས་ཏེ་ཐག་གཅོད་གནང་ཡོད། དེ་ཁོངས་ཚུད་མ་ཐུབ་པ་གང་ཙམ་བྱུང་སོང་བར་བློ་ཕམ་ཡོད་ཅིང་། ཐུགས་འཁུར་བཞེས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
༧༽དམིགས་བསལ་ཚོགས་ཆེན་ཐོག་ཚོགས་བཅར་ཞུ་རྒྱུའི་གོ་སྐབས་མེད་མཁན་གང་ཙམ་ནས་རང་ཉིད་ཀྱི་དགོངས་འཆར་བསམ་ཤོག་གནང་འབྱོར་བྱུང་བ་ཁག་དང་། ལྷག་པར་གཞིས་བཞུགས་བོད་མིའི་ཁྲོད་ནས་བསམ་ཚུལ་གང་ཐུབ་བསྡུ་རུབ་ཞུས་པའི་གྲུབ་དོན་ཕྱོགས་བསྡོམས་སྙན་ཐོ་བཅས་ངོ་བཤུས་བཟོས་ཏེ་ཚོགས་ཆེན་གྱི་བགྲོ་གླེང་ཚོགས་ཆུང་སོ་སོར་མཁྱེན་རྟོགས་ཆེད་འབུལ་རྒྱུ་ཡིན་ན་ཚོགས་ཆུང་ཁག་གི་ཚོགས་གཙོ་དང་དྲུང་ཆེས་ཚོགས་ཆུང་ནང་ངེས་པར་སྙན་སྒྲོན་གནང་དགོས།
༨༽ཚོགས་བཅར་བ་རྣམས་ཚོགས་ཆུང་ཁག་ལ་ཆ་བགོས་གནང་སྟངས་ཐད། གྲོས་ཚོགས་ནས་ཞིབ་ཕྲའི་ལམ་སྟོན་མེད་པར་བརྟེན་སྔ་ཕྱི་རིམ་པར་བཀའ་བསྡུར་གནང་མཐར་བབས་ལྷིང་བརྟན་གསུམ་ལ་གཞི་བཅོལ་ཏེ་གྲོས་ཚོགས་ཀྱི་ལམ་སྲོལ་ལྟར་ཨང་གྲངས་རྒྱན་སྐྱུར་གནང་རྒྱུར་ཐུགས་གཏན་འཁེལ་བ་ཡིན།
༩༽ཕྱི་རྒྱལ་ནས་ཕེབས་མི་གཞོན་སྐྱེས་འགའ་ཤས་ལ་དབྱིན་སྐད་ཀྱི་སྐད་བསྒྱུར་མཐུན་རྐྱེན་དགོས་པའི་དགོངས་འཆར་བྱུང་ཡང་ཚོགས་ཆེན་འདི་དག་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་གཞུང་འབྲེལ་ཚོགས་ཆེན་ཞིག་ཡིན་པར་བརྟེན་ཆ་ཚང་བོད་སྐད་ཐོག་གནང་རྒྱུ་ལས་མ་འདས།
༡༠༽ཕྱི་ནང་གསར་འགོད་བརྒྱུད་ལམ་པ་རྣམས་ཀྱི་ཐད། བོད་དོན་ལ་ཐུགས་སྣང་གིས་ཚོགས་ཆེན་ཐོག་ཆེད་ཕེབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་ཞོགས་པ་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོ་དང་། ཚེས་ ༢༡།༢༢ ཉིན་སོ་སོའི་འདུ་འཛོམས་ཚོགས་ཐེངས་ཁག་དང་མཇུག་བསྡོམས་མཛད་སྒོ་བཅས་ལ་ཚོགས་ཁང་ནང་ཕེབས་ཆོག་རྒྱུ་ལས་ཚོགས་ཆུང་ཁག་གི་ནང་རྩ་བ་ནས་ཕེབས་མི་ཆོག་པར་རྩ་འཛིན་གནང་རྒྱུའི་འབོད་བསྐུལ་ཞུ་རྒྱུ་ཡིན། དབུ་འབྱེད་དང་མཇུག་བསྡོམས་མཛད་སྒོ་སོ་སོའི་རྗེས་ཚོགས་གཙོ་སྦྲེལ་པོས་གསར་འགོད་ལྷན་ཚོགས་རེ་གནང་རྒྱུ་ཡིན།
ཚོགས་ཆེན་དངོས་གཞིའི་ཐད། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བར་ལམ་བོད་ནང་ཛ་དྲག་གི་བྱུང་རྐྱེན་དང་རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་དེ་དག་ད་ཆ་ཛ་དྲག་དང་། གལ་ཆེའི་གནད་དོན་ཞིག་ལ་གྱུར་ཡོད་པར་བརྟེན་དེ་ཐོག་མང་ཚོགས་ཀྱི་བསམ་ཚུལ་གྲོས་བསྡུར་དགོས་པར་གཟིགས་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེར་བརྟེན་བཀའ་བསྡུར་གནང་སྐབས་བོད་ཀྱི་རྩ་དོན་ཛ་དྲག་གི་གནས་སྟངས་ལ་གྱུར་ཟིན་པར་དངོས་སུ་འབྲེལ་ཆགས་ཀྱི་ཐབས་ལམ་ཁག་གི་སྐོར་སབྱངས་བཤད་ཀྱིས་གནད་ལ་སྨིན་པའི་དོན་ཚན་འདོན་ཐབས་གནང་གལ་ཤིན་ཏུ་ཆེ། ཉེ་ལམ་རྡ་ས་བོད་ཁྱིམ་དབུ་བརྙེས་པའི་དུས་དྲན་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་སྐུ་བཞུགས་ཡོད་སྐབས་སྤྱི་འཐུས་རྒྱུན་ལས་ཀྱི་གསུང་བཤད་ནང་དམིགས་བསལ་ཚོགས་ཆེན་དང་འབྲེལ་བའི་རྒྱ་ཆེ་མང་ཚོགས་ལ་འབོད་བསྐུལ་ཞུས་ཡོད་པ་བཞིན་ད་ལམ་ཚོགས་བཅར་བ་ཡོངས་ལ་བསྐྱར་བསྐུལ་ཞུ་རྒྱུར།
” རང་གི་ལྟ་གྲུབ་ཀྱི་ལངས་ཕྱོགས་གང་ཞིག་ལ་མཁྲེགས་བཟུང་བྱེད་པ་ཙམ་མ་ཡིན་པར་ཛ་དྲག་དང་། གཉན་འཕྲང་ཅན་གྱི་ད་ལྟའི་དུས་སྐབས་སུ་ཚང་མས་བོད་རྒྱལ་ཁབ་དང་། མི་རིགས་ཀྱི་རྩ་དོན་གྱི་དཀའ་ངལ་སེལ་ཐབས་ཁོ་ནར་དམིགས་ཏེ་ཐབས་ལམ་སྟོན་པའི་དགོངས་འཆར་གནད་སྨིན་འབུལ་ཐུབ་པ་དགོས།”
ད་རེས་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་འདིར་འགོ་འཛུགས་སུ་ཞུས་ཟིན་པ་བཞིན་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཁྱད་ཆོས་གཙོ་བོ་གསུམ་ཡོད་པ་ནི།
༡༽ཚོགས་ཆེན་འདི་བཞིན་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མ་མཆིས་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིད་ནས་བསྡུ་བསྐོང་དགོས་པའི་བཀའ་ཁྱབ་བསྩལ་བ།
༢༽བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ལག་བསྟར་ཞུས་པ་ནས་བཟུང་འདི་དག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་ཡིན་ཁར་ད་བར་བྱུང་མ་མྱོང་བའི་ཚོགས་བཅར་བ་གྲངས་འབོར་ཆེས་མང་བའི་མང་གཙོའི་ཁྱད་ཆོས་ཡོངས་སུ་ཚང་བའི་གཞུང་འབྲེལ་ཚོགས་ཆེན་ཞིག་ཡིན་པ།
༣༽བོད་ཀྱི་རྩ་དོན་ཛ་དྲག་གི་གནས་སྟངས་ཚད་མཐོ་ཤོས་ཤིག་ཏུ་སླེབས་པའི་དུས་སྐབས་སུ་བསྡུ་བསྐོང་གནང་བ་ཞིག་ཡིན་པ་བཅས།
རྒྱུ་མཚན་དེ་དག་ལ་བརྟེན་ཚོགས་བཅར་བ་ཚང་མས་དགོངས་པ་ཟབ་བཞེས་ཀྱིས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཚོགས་ཆེན་འདི་དག་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཚོགས་ཆེན་ཞིག་ཏུ་བསྒྱུར་ཐུབ་པ་བྱུང་ཚེ་༸གོང་ས་མཆོག་གི་ཐུགས་རེ་འགྲུབ་པ་དང་། བོད་རྒྱལ་ཁབ་དང་མི་རིགས་ལ་སྨན་པའི་རླབས་ཆེན་གྱི་ཞབས་འདེགས་བསྐྲུན་པའི་འབྲས་བཟང་སྨིན་ངེས་ཡིན། འཛམ་གླིང་སྤྱི་དང་རྒྱ་ནག་གཞུང་མང་། ལྷག་པར་གཞིས་བྱེས་བོད་མི་ས་ཡ་དྲུག་རྣམས་ང་ཚོར་ཞིབ་གཟིགས་གནང་བཞིན་པ་རེད། རྒྱ་ནག་གཞུང་ནས་ཉེ་ལམ་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པར་གྲུབ་འབྲས་མ་བྱུང་ལུགས་དང་། དེའི་མ་ཉེས་ཁ་གཡོག་བོད་པའི་ཐོག་བཞག་པ་ནི་ཆབ་སྲིད་ཀྱི་རྫུན་བསྒྲགས་ཚད་མཐོ་ཤོས་ཤིག་ཡིན་པ་འཛམ་གླིང་ཡོངས་ཀྱིས་མཁྱེན་གསལ་ཡིན་པར་གསལ་བཤད་བྱ་འོས་མ་མཆིས། དེ་བཞིན་དམིགས་བསལ་ཚོགས་ཆེན་འདིའི་ཐོག་ལའང་རྒྱ་ནག་གཞུང་ནས་དོ་སྣང་ཆེན་པོས་རྒྱ་གར་གཞུང་ལ་གནོན་ཤུགས་སྤྲོད་ཐབས་དང་། ཚོགས་ཆེན་འདི་ནས་གྲུབ་འབྲས་གང་ཡང་ཐོན་རྒྱུ་མིིན་པའི་ལུང་བསྟན་བསྐྱོན་པ་ནི་བོད་ཀྱི་རྩ་དོན་དེ་དག་རྒྱ་ནག་གཞུང་ནས་སེལ་དགོས་པའི་དཀའ་རྙོག་ངེས་ཅན་ཞིག་ཡིན་པ་ངོས་ལེན་གནང་བར་ངོས་འཛིན་ཞུ་ཡི་ཡོད།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པ་དང་། འདས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཡིད་ལ་བརྣགས་པའི་བསམ་དོན་བཞིན་བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་སྤན་ཟླ་མཉམ་འཛོམས་ཀྱི་སྐྱིད་པའི་ཉི་མ་བདེ་བླག་ཏུ་འཆར་བའི་སྨོན་འདུན་གདུང་ཤུགས་དྲག་པོས་ཞུ་རྒྱུ་བཅས།
བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༧ ལ།།