ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༡ ཉིན་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དང་། བཀའ་ཤག་ལྷན་རྒྱས་ལ་བསྩལ་བའི་ཕྱག་བྲིས་ནང་ “སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བར་ལམ་བོད་ནང་ཛ་དྲག་གི་བྱུང་རྐྱེན་དང་། རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་བགྲོ་གླེང་ཞིབ་ལྷོད་ཅིག་གནང་ཆེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་ནང་གསེས་ཁག་གི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཞིག་འདི་ལོ་ཕྱི་ཟླ་ ༡༡།༡༢ གང་རུང་ནང་བསྡུ་བསྐོང་དགོས་རྒྱུ་དང་། ཚོགས་མི་དང་ཚོགས་དུས་བཅས་དེ་ནས་འཆར་འགོད་ཀྱིས་གང་མྱུར་༸སྙན་འབུལ་གནང་དགོས་ཞེས་བཀའ་སྤྱི་ཕེབས་འདུག” ཅེས་ཕེབས་ཤིང་། དེ་སྐབས་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་དྲུག་པ་སྐྱོང་བཞིན་པ་ལྟར་བཀའ་སྤྱི་གཉིས་ལས་གྲུབ་པའི་གྲོས་ཚོགས་ནས་འགན་འཁུར་ཆེན་པོས་དམིགས་བསལ་ཚོགས་ཆེན་གྱི་ལས་རིམ་འཆར་གཞི་བགྲོ་གླེང་ལྷུག་པོ་དང་བཅས་སྤྱི་མོས་ཀྱིས་གཏན་འབེབས་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྙན་གསན་ཞུས་པར་དེ་དོན་འཐུས་རྒྱུ་ཞེས་བཀའ་ཕེབས་པ་ལྟར། བོད་རྒྱལ་ལོ་ ༢༡༣༥ བོད་ཟླ་ ༩ ཚེས་ ༢༠ དང་། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༧ ཉིན་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་བཞུགས་སྒར་རྡ་རམ་ས་ལར་དབུ་འཛུགས་ཀྱིས་དམིགས་བསལ་གདན་ཞུས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས། འོས་བསྡུ་ལས་ཁང་དང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་གཅིག་ལྕོགས་མཆོག རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག དཔལ་ལྡན་བཀའ་བློན་ཁྲི་པས་དབུས་པའི་བཀའ་བློན་རྣམ་པ་གྲངས་ ༨ བཀུར་འོས་སྤྱི་འཐུས་གྲངས་ ༤༡ བཀའ་ཟུར་གྲངས་ ༡༨ སྤྱི་ཟུར་གྲངས་ ༣༢ དབུས་ཀྱི་གཞུང་ཞབས་སྲི་ཞུ་བ་གྲངས་ ༦༦ ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་སྐུ་ཚབ་གྲངས་ ༢ ཕྱི་རྒྱལ་སྐུ་ཚབ་དོན་གཅོད་གྲངས་ ༡༠ རྒྱ་བལ་འབྲུག་གསུམ་གྱི་བོད་མི་འདུ་སྡོད་ས་གནས་ཁག་གི་འགོ་འཛིན་གྲངས་ ༤༦ ས་གནས་འཐུས་མིའི་ཚོགས་འདུ་ཁག་དང་། ས་འཐུས་མེད་པའི་ས་གནས་མི་མང་གི་སྐུ་ཚབ་བཅས་གྲངས་ ༧༨ ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྐུ་ཚབ་གྲངས་ ༦༠ ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་གྲངས་ ༣༢ གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅུའི་སྐུ་ཚབ་གྲངས་ ༢༠ སློབ་གྲྭ་ཁག་གི་འགན་འཛིན་སྐུ་ཚབ་གྲངས་ ༥༨ ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་སོ་སོའི་གྲྭ་བཙུན་སྐུ་ཚབ་གྲངས་ ༣༠ རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ་གྲངས་ ༡༡ རྒྱུན་ལྡན་བོད་དོན་ཐོག་ཐུགས་སྣང་དང་འགན་འཁུར་ལས་འགུལ་གནང་མཁན་རྒྱ་བལ་འབྲུག་གསུམ་དང་། དེ་མིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དང་བླངས་ཕེབས་མཁན་གྲངས་ ༤༨ བཅས་ཁྱོན་བསྡོམས་ཚོགས་བཅར་བ་གྲངས་ ༥༦༠ ཐམ་པ་རྒྱལ་ཁབ་གྲངས་ ༡༩ ནས་ཚོགས་འཛོམས་བྱུང་བ་རྣམས་ཐོག་མར་རྡ་ས་བོད་ཁྱིམ་གྱི་ཚོགས་ཁང་ཆེ་མོའི་ནང་དབུ་འབྱེད་ཀྱི་མཛད་སྒོར་ཕེབས་ཏེ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་དང་། དཔལ་ལྡན་བཀའ་བློན་ཁྲི་པ་བཅས་ཀྱིས་སྤོས་སྣེས་བསྔུན་བསུས་ཏེ་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་རྣམ་གྲྭ་སྐུ་བཅར་བ་དགེ་འདུན་རྣམས་ནས་དུང་རྒྱ་སེར་ཕྲེང་དང་། བོད་ལྗོངས་ཆོལ་ཁ་གསུམ་གྱི་ཆས་གོས་གཟབ་སྤྲས་གཞོན་ནུ་རྣམས་དང་བཅས་ཚོགས་ཁང་དུ་གདན་འདྲེན་ཞུས་ཏེ་བཞུགས་ཁྲིར་འཁོད། བོད་གཞུང་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་བློས་བཏང་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་སྤྱི་དང་། ཡང་སྒོས་སུ་འདི་ལོ་གསུམ་བཅུའི་དུས་དྲན་ནས་བཟུང་བོད་ཆོལ་ཁ་གསུམ་རྒྱ་ཁྱབ་ཏུ་གཞི་རྒྱ་ཆེ་བའི་ཞི་རྒོལ་གྱི་ལས་འགུལ་སྤེལ་ཐོག་རྒྱ་ནག་གཞུང་ནས་དྲག་གནོན་ཚབས་ཆེས་ཚད་ལས་འདས་པའི་མི་གསོད་ཁྲག་སྦྱོར་གྱི་མནར་གཅོད་བཏང་དང་གཏོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་གནང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་ནས་དམིགས་བསལ་ཚོགས་ཆེན་གྱི་དབུ་འབྱེད་གསུང་བཤད་དང་། དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་ནས་བཀའ་ཤག་གི་གསུང་བཤད་གནང་གྲུབ་རྗེས་ཚོགས་བཅར་བ་ཡོངས་རྫོགས་ཚོགས་ཆུང་གྲངས་བཅོ་ལྔར་ཆ་བགོས་ཀྱིས་བཙན་བྱོལ་བོད་གཞུང་གི་བསྟི་གནས་གངས་ཅན་སྐྱིད་གཤོངས་སུ་ཕྱི་ཚེས་ ༢༠ བར་ཉིན་གྲངས་གསུམ་དང་ཕྱེད་རིང་གྲོས་གཞི་ “བར་ལམ་བོད་ནང་ཛ་དྲག་གི་བྱུང་རྐྱེན་དང་། རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་ཐོག་” གོ་བསྡུར་ཞིབ་ལྷོད་གནང་བའི་ཁོངས་བོད་ནས་འབྱོར་བའི་བསམ་ཤོག་ཕྱོགས་བསྡོམས་དང་། བཙན་བྱོལ་བོད་མིའི་འདུ་སྡོད་ཁག་དང་། ཚོགས་སྡེ། ཤེས་རིག་གི་ལྟེ་གནས། བོད་མི་སྒེར་ཁག་བཅས་ཀྱི་བསམ་ཤོག་ལ་གཞི་བཞག་ཡོད།
ཕྱི་ཚེས་ ༢༡ ཉིན་སླར་ཡང་བོད་ཁྱིམ་ཚོགས་ཁང་ཆེན་མོའི་ནང་ཚོགས་འཛོམས་ཀྱིས་ཚོགས་ཆུང་ཁག་སོ་སོའི་ཚོགས་གཙོ་རྣམས་ནས་སྙན་ཐོ་སྙན་སྒྲོན་གནང་། ཕྱི་ཚེས་ ༢༢ ཞོགས་པ་ཚོུད་ ༨ པའི་ཐོག་ཚོགས་ཆུང་ཁག་གི་ཚོགས་གཙོ་རྣམས་དང་། སྤྱི་འཐུས་རྒྱུན་ལས་ཀྱི་དམིགས་བསལ་ཚོགས་ཆེན་གྱི་གོ་སྒྲིག་ཚོགས་ཆུང་བཅས་ལྷན་ཚོགས་ཀྱིས་ཚོགས་ཆུང་ཁག་གི་རྒྱབ་གཉེར་སྙན་ཐོ་ཕྱོགས་བསྡོམས་བཟོ་འགོད་ཞུས་ཏེ་ཉིན་རྒྱབ་ཚོུད་ ༡།༣༠ ཐོག་ཚོགས་ཆེན་ཐོག་སྙན་སྒྲོན་ཞུས་ཏེ་གཏན་འབེབས་གནང་བ་གཤམ་གསལ།
བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་སྐོར།
༡༽བོད་མིའི་དོན་གྱི་བདག་པོ། འཛམ་གླིང་ཞི་བདེའི་དེད་དཔོན། ལྷར་བཅས་འགྲོ་བའི་རྣམ་འདྲེན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ལྗོངས་ལྷ་སྡེ་མི་སྡེས་མགྲིན་གཅིག་ཏུ་གཙུག་ཏུ་བཀུར་ཏེ་ལུགས་གཉིས་ཀྱི་གསེར་ཁྲིར་མངའ་གསོལ་ཞུས་ཤིང་། དེ་ལ་རྒྱ་ནག་ཐེ་བའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་ཀྱང་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབུལ་ཞུས་ཏེ་ངོས་འཛིན་གནང་བ་བཅས་མདོ་དོན་བོད་གཞིས་བྱེས་གཉིས་ཀའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་རྩོད་མེད་དང་། ལོ་ངོ་བརྒྱ་ཕྲག་མང་པོ་བརྒྱུད་པའི་བོད་གཞིས་བྱེས་གཉིས་ཀྱི་ཁྲིམས་མཐུན་གྱི་གཞུང་ངོ་མ་ནི། བཙན་བྱོལ་བོད་གཞུང་ཉག་ཅིག་ཡིན་ཡང་། ཉེ་ལམ་རྒྱ་ནག་གཞུང་གིས་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་བོད་དང་བོད་མི་མང་གི་སྐུ་ཚབ་བྱེད་པའི་དབང་ཆ་མེད་ལུགས་ཧམ་བཤད་བྱས་འདུག་པར་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ནས་ངོ་རྒོལ་མཐའ་གཅིག་དུ་ཡོད། ༢༽༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱེད་བགྲེས་ཡོལ་དང་བགྲེས་ཡོལ་དུ་བཞུགས་བཞེད་ཀྱི་བཀའ་སློབ་གསུང་ཕྱོགས་ཟུར་ཙམ་ཡང་མེད་པར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགག་རྩའི་ཐུགས་འགན་མུ་མཐུད་སྐྱོང་བཞེས་ཐུགས་རྗེ་བཀྲིན་ནམ་ཡང་མི་འདོར་བའི་སྐྱབས་འཛིན་དང་འབྲེལ་བོད་ཁ་བ་གངས་ཅན་པའི་སྐྱབས་མགོན་རེ་ས་གཞན་དུ་མ་མཆིས་པ་༸སྐུ་ཕྲེང་རིམ་བྱོན་གྱི་ཐུགས་བསྐྱེད་དམ་དགོངས་བཞིན་བདག་ཅག་ཚེ་རབས་ཕྲེང་བར་རྗེས་སུ་བཟུང་བའི་ཞལ་བཞེས་བཟང་པོ་སྤྱི་བོར་སྨིན་པ་ཞེས་ད་ལམ་དམིགས་བསལ་ཚོགས་ཆེན་འདི་ཐོག་ནས་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ།བོད་གཞིས་བྱེས་གཉིས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་ནག་གཞུང་གིས་བསམ་བརྗོད་ལས་འདས་པའི་གཞི་མེད་སྙོན་འཛུགས་ཀྱི་མཚན་སྨད་ཞུས་དང་ཞུ་བཞིན་པ་འདིས།
༣༽བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་དང་། རྒྱ་རིགས་ནང་པ་ཚུད་པའི་ནང་པ་ཡོངས། ལྷག་པར་བོད་བརྒྱུད་ནང་བསྟན་ལ་དད་གུས་ལྡན་པའི་དད་ལྡན་པ་ཡོངས། འཛམ་གླིང་ས་ཕྱོགས་ཁག་གི་ཞི་བདེ་དང་དྲང་བདེན་ལ་དགའ་བའི་མི་མང་ཡོངས་ཀྱི་སེམས་ནང་གསོ་ཐབས་མེད་པའི་རྨ་ཁ་དང་བོད་རྒྱ་མི་རིགས་གཉིས་དབར་འཁོན་འཛིན་དྲག་པོ་བཟོས་ཏེ། མི་རིགས་ཀྱི་མཐུན་སྒྲིལ་དང་མཛའ་བརྩེའི་འབྲེལ་བ་ཡུན་གནས་ཡོང་རྒྱུར་འཕྲལ་ཕུགས་གང་ཐད་ནས་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་ཡོད་ན། འཕྲལ་དུ་མཚམས་འཇོག་དགོས་པའི་དགོས་འདུན་ནན་པོ་ཚོགས་ཆེན་འདིའི་ཐོག་ནས་འདོན་རྒྱུ།
བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་ལངས་ཕྱོགས་སྐོར།
༡༽ཚོགས་ཆེན་འདིར་བོད་གཞིས་བྱེས་གཉིས་ནས་བསམ་ཤོག་ཕུལ་འབྱོར་དང་ཚོགས་བཅར་བ་ཡོངས་ཀྱིས་བགྲོ་གླེང་སྦྱང་བཤད་ཞིབ་ལྷུག་བྱུང་བའི་ནང་། འབྱུང་འགྱུར་བོད་ཀྱི་སྲིད་བྱུས་འཛིན་ཕྱོགས་ཐད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་དུས་ནས་དུས་སུ་སྲིད་བྱུས་ལམ་སྟོན་ཅི་སྩལ་ལ་ཤར་སྐྱོད་བྱ་རྒྱུར་སྤྱི་མོས་དང་། མུ་མཐུད་དབུ་མའི་ལམ་དུ་བསྐྱོད་རྒྱུར་མང་མོས། ལྷག་པར་འདས་པའི་རྒྱ་གཞུང་གི་བྱེད་བབ་ལ་གཞིགས་ཏེ། ད་ཡོད་འབྲེལ་མོལ་སྐུ་ཚབ་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུ་དང་། དུས་ཐུང་ནང་གྲུབ་འབྲས་མ་སོན་ཚེ་རང་བཙན་དང་རང་ཐག་རང་གཅོད་རྩོད་ལེན་གྱི་སྲིད་བྱུས་འཛིན་དགོས་པའི་བསམ་འཆར་ཡང་ཤུགས་ཆེ་བྱུང་།
༢༽དབུ་མའི་ལམ་དང་རང་བཙན། རང་ཐག་རང་གཅོད་སོགས་བོད་མིའི་འཐབ་རྩོད་ཀྱི་ལམ་ཕྱོགས་གང་དུ་བསྐྱོད་ཀྱང་། དམིགས་ཡུལ་སྒྲུབ་བྱེད་ཀྱི་ཐབས་ལམ་ནི་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ཁོ་ན་མུ་མཐུད་བསྟེན་རྒྱུའི་ཐག་གཅོད་དང་ལག་བསྟར་བྱ་རྒྱུ།
རྒྱ་ནག་སྲིད་གཞུང་དང་མི་མང་གི་སྐོར།
༡༽༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་དགོངས་ཡངས་དཀྱེལ་ཆེའི་སྒོ་ནས་བོད་རྒྱ་ཞི་འགྲིགས་འབྱུང་ཐབས་སུ། དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་ཉེ་ལམ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཐོག་རྒྱ་ཕྱོགས་ལ་སྤྲད་པ་དེར། རྒྱ་གཞུང་ནས་དོན་ཕན་ལྡན་པའི་ཡ་ལན་གང་ཡང་མེད་པར། བསམ་འཆར་དེའི་འགོ་མཇུག་བར་གསུམ་ཡོངས་རྫོགས་རང་བཙན་དང་ཕྱེད་རང་བཙན། རྣམ་པ་འགྱུར་བའི་རང་བཙན་ཞེས་ཧམ་བཤད་སྙོན་འཛུགས་བྱས་པར་བརྟེན། བོད་རྒྱ་འབྲེལ་མོལ་ལ་གྲུབ་འབྲས་གང་ཡང་བྱུང་མེད་པས། དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད།
༢༽བོད་ནང་ཉེ་ལམ་གཞི་རྒྱ་ཆེ་བའི་ཞི་རྒོལ་ཆེ་མོ་འབྱུང་རྐྱེན་ནི། རྒྱ་ནག་གཞུང་གིས་བོད་རྒྱལ་ཁབ་ཀྱི་ས་ཁྱོན་ཡོངས་ལ་བཙན་འཛུལ་བྱས་པ་ནས་བཟུང་། ད་བར་བོད་མི་རིགས་ཐོག་ཧ་ཅང་གདུག་རྩབ་ཆེ་བའི་སྲིད་བྱུས་རབ་དང་རིམ་པ་བཟུང་སྟེ། འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་བོད་ཀྱི་སྣོད་བཅུད་རིག་གཞུང་དང་བཅས་པ་རྩ་མེད་བཟོ་ཐབས་བྱས་དང་བྱེད་བཞིན་ཐོག ལྷག་པར་འདས་པའི་ལོ་ངོ་ཉི་ཤུའི་རིང་བོད་ནང་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ལས་འགུལ་གདུག་རྩབ་ཅན་སྤེལ་ཏེ་༸གོང་ས་མཆོག་ལ་གཞི་མེད་ཀྱི་མཚན་སྨད་ཞུ་བཅུག་པ་དང། གང་གི་སྐུ་པར་སྒྲིག་བཤམས་མི་ཆོག་པ། རྒྱ་མི་འབོར་ཆེན་བོད་དུ་སྤོ་བཤུག་གིས་བོད་མིའི་ཆོས་རིག་དང་ཁོར་ཡུག་ལ་གཏོར་བཤིག་ཚད་མེད། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དུ་བཏང་བ་སོགས་བཙན་དབང་དང་གདུག་རྩབ་ཀྱི་སྲིད་བྱུས་འོག་ཡུན་རིང་བསགས་པའི་སྡུག་བསྔལ་བཟོད་མ་ཐུབ་པར་ཅིག་ཅར་དུ་ཕྱིར་མངོན་པ་ཞིག་ཡིན།
3༽རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཞི་རྒོལ་ཆེ་མོ་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་ཕྱོགས་གཏོགས་དང་བཅས་པས་འཆར་འགོད་བརྒྱུད་སྐུལ་བྱས་ཚུལ་དཔང་རྟགས་ཁུངས་བཙན་ཡོད་ལུགས་ཧམ་བརྗོད་བྱས་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གིས་རྒྱལ་སྤྱིའི་རང་དབང་ཅན་གྱི་ཚོགས་པ་ཞིག་བོད་ནང་འགྲོ་རུ་བཅུག་སྟེ་ཞིབ་འཇུག་བྱ་དགོས་པ་དང་། དེ་བཞིན་རྒྱ་གཞུང་གི་ངོ་ཚབ་ཀྱང་རྡ་རམ་ས་ལར་ཡོང་སྟེ་ཞིབ་འཇུག་བྱ་འཐུས་གསུངས་པར། རྒྱ་གཞུང་ལ་དེ་གཉིས་གང་ཡང་ལག་བསྟར་བྱེད་པའི་སྤོབས་པ་བྱུང་མེད་ལ། དཔང་རྟགས་ཁུངས་བཙན་སྣེ་གཅིག་ཀྱང་རྒྱལ་སྤྱིའི་ཐོག་མིག་སྟོན་བྱ་རྒྱུ་བྱུང་མེད་སྟབས། བོད་ནང་འདི་ལོའི་ཞི་རྒོལ་ཆེ་མོ་འབྱུང་རྐྱེན་ནི་རྒྱ་གཞུང་གིས་བོད་ནང་བཙན་འཛུལ་བྱས་པ་ནས་བཟུང་ལག་བསྟར་བྱས་པའི་གདུག་རྩབ་ཀྱི་སྲིད་བྱུས་ཁག་ལ་ཐུག་ཡོད་པའི་ར་འཕྲོད་གསལ་པོ་བྱུང་བར་བརྟེན། རྒྱ་ནག་སྲིད་གཞུང་གིས་རང་གི་ནོར་འཁྲུལ་ངོས་ལེན་བྱ་དགོས།
༤༽བོད་མིའི་འཐབ་རྩོད་ནི་བོད་མིའི་ཐོབ་ཐང་དང་རྒྱ་ནག་སྲིད་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་པ་ཞིག་ལས། རྒྱ་ནག་གཞུང་གིས་འཁྱོག་བཤད་བྱེད་མུས་ལྟར་རྒྱ་ནག་མི་མང་ལ་ངོ་རྒོལ་དང་འཁོན་ལན་སློག་པ་ཞིག་མ་ཡིན་པ་ཚོགས་ཆེན་འདིའི་ཐོག་ནས་བསྐྱར་བརྗོད་བྱ་རྒྱུ།
༥༽རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྩ་མེད་དང་ཉམས་དམས་སུ་གཏོང་ཐབས་སུ་ནང་པའི་བླ་སྤྲུལ་ངོས་འཛིན་བྱ་ཕྱོགས་ཀྱི་ཁྲིམས་ཡིག་ཟེར་བ་བཟོས་ཏེ་ལྷ་མེད་སྨྲ་བའི་རྒྱ་ནག་གཞུང་ནས་ཆབ་སྲིད་ཀྱི་དགོས་དབང་གིས་ནང་ཆོས་ལ་ཇུས་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོས་ལེན་མེད། བོད་ཀྱི་དགོན་སྡེ་ཁག་ནང་རྒྱལ་གཅེས་ཆོས་གཅེས་ཞེས་པའི་གདུག་རྩབ་ཀྱི་སྲིད་བྱུས་རྒྱ་ཁྱབ་ཏུ་སྤེལ་མུས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
སྒྲིག་འཛུགས་ཡར་རྒྱས་དང་ལས་དོན་ཚགས་ཚུད་སྐོར།
བོད་གཞུང་མང་གཉིས་ཀྱི་འཛིན་སྐྱོང་དང་། ཤེས་ཡོན། དྲིལ་བསྒྲགས། འཕྲོད་བསྟེན། དཔལ་འབྱོར། ལས་འགུལ་སྤེལ་ཕྱོགས་སོགས་དང་འབྲེལ་བའི་བོད་ཕྱི་ནང་གཉིས་ནས་འབྱོར་བའི་མི་མང་གི་བསམ་ཤོག་དང་། ཚོགས་ཆུང་ཁག་གི་དགོངས་འཆར་སྙན་ཐོ་ཁག་རིང་མིན་ཚོགས་དྲུང་ལས་ཁུངས་ནས་ཕྱོགས་སྒྲིག་གིས་ཁུངས་སོ་སོ་ནས་མཁྱེན་རྟོགས་དང་མཇུག་གནོན་ཆེད་འགྲེམས་སྤེལ་གནང་རྒྱུ།
བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ།
བོད་ཀྱི་རྩ་དོན་དང་བདེ་དོན་ཆེད་ད་ཕན་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་མཁན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། སྲིད་གཞུང་། མི་མང་། གྲོས་ཚོགས། རྒྱལ་སྤྱིའི་ཚོགས་སྡེ། ལྷག་པར་རྒྱ་གར་གཞུང་མང་གཉིས་ལ་དམིགས་བསལ་ཚོགས་ཆེན་འདི་ཐོག་ནས་བཀའ་དྲིན་རྗེས་དྲན་གྱི་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས་ཀྱི་རྒྱབ་གཉེར་སྙན་ཐོར། དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་ཚོགས་བཅར་བ་སྤྱི་མགྲིན་ནས།
བོད་རྒྱལ་ལོ་ ༢༡༣༥ ཟླ་བ་ ༩ ཚེས་ ༢༥ དང་། ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡༡ ཚེས་ ༢༢ ལ།།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཀརྨ་ཆོས་འཕེལ། ་་་་་་་་་་་་་་་་་་་་་་་
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རྒྱ་རི་སྒྲོལ་མ། ་་་་་་་་་་་་་་་་་་་