༢༠༠༨།༡༡།༡༥
ཡང་བསྐྱར་བོད་མི་འཛིན་བཟུང་དང་། མུ་མཐུད་ཁྲིམས་ཐག་གཅོད་བཞིན་པ།
༡།རྒྱ་ནག་གཞུང་གིས་ད་ལོ་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་མང་པོ་ཞིག་ལ་དངུལ་ཆད་བཀལ་ཏེ་རེ་ཞིག་གློད་བཀྲོལ་བྱས་རྗེས་བསྐྱར་དུ་འཛིན་བཟུང་བྱེད་བཞིན་ཡོད་པ་དང་། དམིགས་བསལ་བོད་རིགས་སྒྱུ་རྩལ་བ་ཁག་ཅིག་འཛིན་བཟུང་བྱས་ཁོངས་མཚོ་སྔོན་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་སྙན་སྒྲོག་པ་དང་། བོད་ཀྱི་གྲགས་ཅན་གཞས་མ། བུད་མེད་རྩོམ་པ་པོ་འཇམ་དབྱངས་སྐྱིད་ལགས་ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་བསྐྱར་དུ་འཛིན་བཟུང་བྱས་ཡོད་འདུག་ཀྱང་ད་ལྟའི་ཆར་འཛིན་བཟུང་བྱེད་དོན་ཇི་ཡིན་སོགས་ཁ་གསལ་ཤེས་རྟོགས་བྱུང་མི་འདུག
ཡིན་ནའང་འདི་ནས་ཤེས་གསལ་ལྟར་ན་ཁོང་ད་ལོ་ཕྱི་ཟླ་ ༤ པའི་ནང་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་རྗེས་དངུལ་ཆད་བཅད་དེ་རེ་ཞིག་གློད་བཀྲོལ་བཏང་ཡོད་པ་རེད། སྐབས་དེར་རྒྱ་གཞུང་གིས་མནར་གཅོད་རྡུང་རྡེག་ཤུགས་ཆེ་བཏང་ཡོད་གནས་ཕྱི་ཟླ་ ༩ ཚེས་ ༡ ཉིན་ཁོང་རང་གི་བོད་ཡིག་ཟིན་བྲིས་ཐོག་བཀོད་གནང་མཛད་ཡོད་པ་མ་ཟད། ཉེ་སྔོན་དབའ་བཟའ་ནོར་འཛིན་དབང་མོ་ལ་ཁྲིམས་ཐག་བཅད་སྐོར་དང་། བླ་བྲང་དགོན་གྱི་གྲྭ་འཇིགས་མེད་ལགས་གསར་དུ་འཛིན་བཟུང་བྱས་སྐོར་རྣམས་ཁོང་གི་ཟིན་བྲིས་ཐོག་ཡོངས་ཁྱབ་བཀོད་གནང་མཛད་ཡོད་པ་རེད།
༢།ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཀར་མཛེས་ཁུལ་གྱི་ལྟེ་གནས། དར་རྩེ་མདོ་འབྲིང་རིམ་མི་མང་ཁྲིམས་ཁང་ནས་དཀར་མཛེས་དགོན་གྱི་གྲྭ་དཔལ་ལྡན་འཕྲིན་ལས་(རང་ལོ་ ༢༠) ལ་བོད་རང་བཙན་གྱི་སྐད་འབོད་བྱས་པ་དང་། རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་ཉེས་འཛུགས་འོག་དུས་བཀག་བཙོན་འཇུག་ལོ་ ༧ ཁྲིམས་ཐག་བཅད་ཡོད་འདུག ཁོང་དང་རོགས་པ་བཞི་བཅས་ཀྱིས་ད་ལོའི་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་བོད་རང་བཙན་གྱི་ཡིག་ཆ་ཁུག་མ་ཆེན་པོ་ཞིག་གང་ཁུར་ནས་ཐབས་ཤེས་སྣ་ཚོགས་བརྒྱུད་དཀར་མཛེས་གྲོང་ཁྱེར་ནང་འཛུལ་ཏེ་སྐད་འབོད་དང་ཡིག་ཆ་འགྲེམས་གཏོར་བྱས་སྐབས་དེ་ཡོད་རྒྱ་དམག་རྣམས་ཀྱིས་འཇུ་བཟུང་གིས་མེ་མདའི་དཔུང་ཡུ་སོགས་ཀྱིས་བཅར་བརྡུང་ཚད་མེད་བྱས་ཏེ་ཤི་མིན་རོ་མིན་བཟོས་རྗེས་མོ་ཊ་ནང་བླུག་ནས་བཙོན་འཇུག་བཀག་ཉར་བྱས་པ་ཞིག་ཡིན་པ་རེད།
གོང་གསལ་གནས་ཚུལ་རྣམས་ནི་འདིར་འབྲེལ་ཡོད་ཁག་ནས་མཁོ་སྤྲོད་གནང་བ་དང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་པ་ལས་དཔེ་མཚོན་ཙམ་ཟུར་འདོན་བྱས་པ་ཡིན་པས། ད་ལྟ་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་ཧ་ཅང་དམ་དྲག་དང་འཇིགས་སྐུལ་བྱེད་བཞིན་ཡོད་པ་གསལ་པོ་རེད།
བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས།
ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༥ ལ།
ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ། ང་ཚོས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱལ་སྤྱིའི་མི་སྤྱོད་ལས་འདས་པའི་མནར་གཅོད་འགོག་པའི་ཚོགས་པའི་ལམ་སྟོན་ལྟར་རྒྱ་གཞུང་ནས་ལག་བསྟར་འཕྲལ་མར་ཡོང་བ་དང་། གཤམ་གསལ་ཛ་དྲག་གི་རེ་འབོད་ཞུ་བཞིན་ཡོད།
- བོད་ཡོངས་སུ་རྒྱལ་སྤྱིའི་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་པ་ཁག་འཕྲལ་དུ་གཏོང་དགོས་པ།
- རིས་སུ་མ་ཆད་པའི་གསར་འགོད་པ་རྣམས་བོད་ས་ཡོངས་སུ་གཏོང་དགོས་པ།
- བོད་ས་ཡོངས་སུ་དྲག་གནོན་གསོད་བརྡུང་གི་སྦྱོར་ངན་འཕྲལ་དུ་མཚམས་འཇོག་དགོས་པ།
- འཛིན་བཟུང་དང་བཙོན་འཇུག་བྱས་པའི་བཙོན་པ་ཡོངས་འཕྲལ་དུ་གློད་དགོས་པ།
- བོད་མིའི་ཐོག་དྲང་བདེན་མིན་པའི་ཁྲིམས་ཐག་གཅོད་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ།