༢༠༠༨།༡༡།༠༥
ཁྲིམས་ཀྱི་གཞི་རྩ་མེད་པར་ངན་པ་རྒྱུན་འབྱམས་ཀྱིས་ཁྲིམས་ཐག་མུ་མཐུད་གཅོད་བཞིན་ཡོད་པ།
༡༽ཕྱི་ཟླ་ ༡༠ ཚེས་ ༢༥ རྗེས་སུ་མདོ་སྨད་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་དགེ་འདུན་པ་གསུམ་ལ་ཁྲིམས་ཐག་བཅད་ཡོད་འདུག ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༥ ཉིན་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་དགེ་འདུན་པ་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཤུགས་ཆེ་བྱས་རྗེས། ཕྱི་ཟླ་ ༣ ཚེས་ ༢༩ ཉིན་ནས་བཟུང་སྔ་ཕྱིར་དགེ་འདུན་པ་ ༢༥ ཙམ་འཛིན་བཟུང་བྱས་པའི་ཁོངས་ནས་སྨན་པ་གྲྭ་ཚང་གི་གཟའ་རུ་བསྟན་པ་རྒྱ་མཚོ་རང་ལོ་ ༢༧ ལ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་པ་དང་། རྒྱུད་པ་གྲྭ་ཚང་གི་རྐ་ཆུ་ཁ་པ་དཀོན་མཆོག་ཚུལ་ཁྲིམས་རང་ལོ་ ༢༣ དང་། ཐོས་བསམ་གླིང་བའི་གཟའ་རུ་དཀོན་མཆོག་གྲགས་པ་རང་ལོ་ ༢༤ གཉིས་ལ་ལོ་ ༤ རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག དེ་མིན་རྐ་ཆུ་ཁ་པ་དཀོན་མཆོག་འཇིགས་མེད་ དང་། ཚོང་རུ་དཀོན་མཆོག་དར་རྒྱས། མཐའ་མ་ཁ་དཀོན་མཆོག་བསམ་གཏན། འབྲིང་བ་དཀོན་མཆོག་ཡར་འཕེལ་ བཅས་དགེ་འདུན་པ་བཞི་ལ་རྒྱ་སྒོར་ ༥༠༠༠། རེའི་ཉེས་ཆད་བཅད་ནས་ཕྱི་ཟླ་ ༩ ཚེས་ ༣༠ ཉིན་གློད་གྲོལ་བཏང་ཡོད་འདུག
དེང་སྐབས་ཀྱི་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་གནས་སྟངས་ནི་དགོན་པའི་ཕྱི་ནང་ཀུན་ཏུ་ཉེན་རྟོག་པ་དང་། དམག་མི། གསང་བའི་ལས་ཁུངས་ཀྱི་ལས་བྱེད་བཅས་ཀྱིས་རྒྱུན་དུ་ལྟ་རྟོག་བྱེད་བཞིན་པའི་ཁར། དགོན་པའི་གླིང་སྟོད་སྨད་བར་གསུམ་དུ་བརྙན་འཕྲིན་པར་ལེན་འཕྲུལ་ཆས་བཅུ་གྲངས་ཤིག་གསར་དུ་བཙུགས་ནས་དགོན་པའི་ནང་ལོག་གི་རྒྱུན་ལྡན་གྱི་འགྲོ་འདུག་སྤྱོད་གསུམ་ལ་སོ་ལྟ་བྱེད་ཐུབ་པ་བཟོས་པ་དང་། རྒྱ་གར་དུ་སོང་ནས་ཕྱིར་ཡོང་བའི་གྲྭ་པ་རྣམས་ལ་དམིགས་བསལ་ལྟ་རྟོག་དང་དྲི་བརྩད། འགྲོ་འདུག་ལ་རང་དབང་ཅུང་ཙམ་ཡང་མེད་པ་རྒྱུན་ལྡན་ཞིག་ཡིིན་ན་ཡང་། ད་ལྟ་ཕྱི་ལོ་ ༡༩༩༨ རྗེས་སུ་རྒྱ་གར་ལ་སོང་ནས་ཕྱིར་ཡོང་བ་རྣམས་དགོན་པའི་ནང་བསྡད་མི་ཆོག་པའི་སྒྲིག་གཞི་ཞིག་ཀྱང་བཟོས་ནས་ལག་ལེན་བསྟར་བཞིན་ཡོད་འདུག
དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི་དེང་སྐབས་ཤེས་གསལ་ལ་མདོ་སྨད་ཁུལ་གྱི་གྲོང་སྡེ་རེ་རེའི་ནང་དུ་རྒྱ་གཞུང་གི་ལས་བྱེད་གང་འཚམ་རེ་བཀོད་འཇོག་བྱེད་བཞིན་པའི་གནས་ཚུལ་ཞིག་གི་མགོ་བཙུགས་འདུག་ན་གཞིས་ལུས་བོད་མི་རྣམས་ཉིན་རེ་བཞིན་ཀོ་བ་བརློན་པའི་ནང་བཏུམས་པ་ལྟར་ཆགས་ཀྱི་ཡོད་འདུག་པས། འུ་ཚོ་ལ་རིག་པ་དྭངས་གསལ་སྒོས་མནོ་བསམ་གཏོང་ཤེས་མཁན་དང་གཏོང་ཐུབ་མཁན་རེ་ཡོད་ན་གཏོང་རན་རེད་ཅེས་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་བཞིན་ཡོད་འདུག
༢༽ཕྱི་ཟླ་ ༩ ཚེས་ ༢༥ ཉིན་ལྷ་ས་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནས་(བསྟན་ཆོས་)བསྟན་འཛིན་ཆོས་གྲགས་ལ་དུས་བཀག་བཙོན་འཇུག་ལོ་ ༡༥ དང་། དངུལ་ཆད་རྒྱ་སྒོར་ ༡༠༠༠༠ ཁྲི་གཅིག་བཏང་ཡོད་པའི་གནས་ཚུལ་ཐོན་འདུག བཙོན་དུ་བཀག་ཉར་རིང་འདྲི་གཅོད་སྐབས་རྒྱ་གཞུང་ནས་དོ་བདག་བསྟན་ཆོས་ལ་ཟླ་གསུམ་པའི་ལས་འགུལ་ཁྲོད་ཧུར་བརྩོན་ཆེན་པོས་འཛུལ་ཞུགས་བྱེད་མཁན་ཡིན་པ་མ་ཟད། ཁོང་གི་ཕ་མཁས་གྲུབ་ཀྱང་སྔ་རྗེས་བོད་ནང་ལས་འགུལ་འདྲ་མིན་ནང་ཞུགས་ ཏེ་རིམ་པས་རྒྱལ་ཁབ་ལ་རྒྱབ་གཏོད་ཀྱིས་བྲོས་བྱོལ་ཕྱིན་པ་སོགས་ཉེས་འཛུགས་ཁག་ཅིག་བྱས་ཡོད་འདུག ཁོང་རང་ལོ་ ༢༠ ཡིན་པ་དང་། ཕ་མིང་མཁས་གྲུབ། སྐྱེས་ཡུལ་ལྷ་ས། རྒྱུན་གཏན་སྡོད་གནས་ལྷ་ས་རྒྱ་འབུམ་སྒང་བྱང་ཕྱོགས་གྲོང་ལྷན་ཁོངས་སུ་ཡིན་འདུག དེ་སྔ་བོད་ཁྱིམ་སློབ་གྲྭའི་ནང་སློབ་གཉེར་གནང་སྟེ་ཕྱི་ལོ་ ༢༠༠༥ ལོར་བོད་དུ་ཕྱིར་ལོག་བྱས་ཡོད་འདུག བོད་དུ་ལོག་རྗེས་རྒྱ་གྲམ་དམར་པོའི་ཚོགས་པ་ཞིག་ནང་ལྷ་སར་ལས་ཀ་བྱས་ཏེ་བསྡད་པ་དང་།
ད་ལོའི་གསུམ་བཅུའི་དུས་དྲན་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་སར་ཞི་རྒོལ་བྱུང་རྗེས་ཁོང་དེའི་ནང་འཛུལ་ཞུགས་བྱས་པར་བརྟེན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཚན་པས་ ༢༠༠༨ ཟླ་ ༤ ཚེས་ ༡༣ ཉིན་འཛིན་བཟུང་བྱས་ཡོད་འདུག་པ་དང་། ཁྲིམས་ཐག་བཅད་ཟིན་རྗེས་བཙོན་ཁང་གང་ཞིག་ཏུ་ཉར་ཡོད་མེད་ཁ་གསལ་གང་ཡང་མི་འདུག
3༽ཕྱི་ཟླ་ ༡༠ ཚེས་ ༢༩ དང་ ༣༠ གང་རུང་ཞིག་ལ་བྲག་འགོ་རྫོང་མི་དམངས་ཁྲིམས་ཁང་གིས་ཕ་ཡུལ་དཀར་མཛེས་ནས་ཡིན་པའི་མིང་ལ་བློ་དགའ་ཟེར་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
༤༽ད་ལོའི་ཕྱི་ཟླ་ ༣ པའི་ནང་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ཕྱིས་སུ་གློད་བཀྲོལ་བཏང་བའི་བླ་བྲང་བཀྲ་ཤིས་འཁྱིལ་རྒྱུད་སྟོད་གྲྭ་ཚང་གི་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ཕྱི་ཟླ་ ༡༡ ཚེས་ ༤ ཉིན་གུང་ཆུ་ཚོད་དང་པོ་ཡས་མས་སུ་རྒྱ་ནག་གི་ཉེན་རྟོག་པ་མང་པོ་ཞིག་ཡོང་སྟེ་བསྐྱར་དུ་འཛིན་བཟུང་བྱས་ཡོད་འདུག
ཁོང་བཙོན་ཁང་དུ་བཞུགས་རིང་རྒྱ་གཞུང་གིས་བོད་མི་རྣམས་ལ་གཞི་རྩ་མེད་པའི་མནར་གཅོད་བརྡུང་རྡེག་ཇི་ལྟར་བཏང་མིན་གྱི་དངོས་ཡོད་གནས་ཚུལ་ཁག་ད་ལོའི་ཕྱི་ཟླ་ ༩ པའི་ནང་ཕྱི་ཕྱོགས་ཀྱི་རྒྱུད་ལམ་རྣམས་སུ་འགྲེལ་བརྗོད་གནང་ཡོད་པ་དང་། བར་སྐབས་ཁོང་ཉེན་གཡོལ་ཆེད་ཕེབས་པའམ་གང་དུ་ཡོད་མེད་ཤེས་རྟོགས་དཀའ་བ་ཆགས་ཡོད་ཀྱང་། ཁ་སང་ཁོང་གི་གྲྭ་ཤག་རང་ནས་འཛིན་བཟུང་བྱས་ཡོད་འདུགད་ལོ་གསུམ་བཅུའི་དུས་དྲན་ནས་བཟུང་རྒྱ་གཞུང་གིས་བོད་མི་མུ་མཐུད་འཛིན་བཟུང་བྱེད་བཞིན་པ་ལྟར་ད་དུང་ཡང་བོད་མི་འཛིན་བཟུང་བྱེད་བཞིན་ཡོད་པའི་དཔེ་མཚོན་ཉེ་ཤོས་ཤིག་ཆགས་ཡོད།
གོང་གསལ་གནས་ཚུལ་རྣམས་ནི་འདིར་འབྲེལ་ཡོད་ཁག་ནས་མཁོ་སྤྲོད་གནང་བ་དང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་པ་ལས་དཔེ་མཚོན་ཙམ་ཟུར་འདོན་བྱས་པ་ཡིན་པས། ད་ལྟ་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་ཧ་ཅང་དམ་དྲག་དང་འཇིགས་སྐུལ་བྱེད་བཞིན་ཡོད་པ་གསལ་པོ་རེད།
བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༥ ལ།
ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ། ང་ཚོས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱལ་སྤྱིའི་མི་སྤྱོད་ལས་འདས་པའི་མནར་གཅོད་འགོག་པའི་ཚོགས་པའི་ལམ་སྟོན་ལྟར་རྒྱ་གཞུང་ནས་ལག་བསྟར་འཕྲལ་མར་ཡོང་བ་དང་། གཤམ་གསལ་ཛ་དྲག་གི་རེ་འབོད་ཞུ་བཞིན་ཡོད།
- བོད་ཡོངས་སུ་རྒྱལ་སྤྱིའི་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་པ་ཁག་འཕྲལ་དུ་གཏོང་དགོས་པ།
- རིས་སུ་མ་ཆད་པའི་གསར་འགོད་པ་རྣམས་བོད་ས་ཡོངས་སུ་གཏོང་དགོས་པ།
- བོད་ས་ཡོངས་སུ་དྲག་གནོན་གསོད་བརྡུང་གི་སྦྱོར་ངན་འཕྲལ་དུ་མཚམས་འཇོག་དགོས་པ།
- འཛིན་བཟུང་དང་བཙོན་འཇུག་བྱས་པའི་བཙོན་པ་ཡོངས་འཕྲལ་དུ་གློད་དགོས་པ།
- བོད་མིའི་ཐོག་དྲང་བདེན་མིན་པའི་ཁྲིམས་ཐག་གཅོད་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ།