ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣ རེས་གཟའ་པ་སངས།
༄༅། །ཨ་མི་རི་ཁའི་ཕྱི་སྲིད་ལྷན་ཁང་ནས་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༩ རེས་གཟའ་པ་སངས་ཉིན་ཆོས་དད་རང་དབང་གི་ཐོག་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པའི་ནང་བོད་ཀྱི་ཆོས་དད་རང་དབང་སོགས་གླེང་སློང་གནང་ཡོད་པ་རེད།
དེ་ཡང་ཨ་མི་རི་ཁའི་གཞུང་གིས་ཕྱི་ལོ་ ༡༩༩༨ ལོར་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་གཞི་དོན་ཚན་ ༡༠༢ ཁ་པའི་འོག་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གྲོས་ཚོགས་ལྷན་ཁང་ལ་ལོ་ལྟར་རྒྱལ་སྤྱིའི་ཡུལ་ཁག་གི་ནང་དུ་ཆོས་དད་རང་དབང་གི་གནས་སྟངས་སྐོར་ལ་ལས་དོན་སྙན་ཐོ་ཞིག་སྙན་སྒྲོན་ཞུ་གི་ཡོད་པ་རེད། ཨ་རིའི་ཆོས་དད་རང་དབང་གི་གཞུང་ཚབ་པ་སྐུ་ཞབས་ཇོན་ཧན་ཝོཌེ་ཡིས་ཕྱི་སྲིད་ལྷན་ཁང་གི་ལས་དོན་སྙན་ཐོ་དེའི་དམིགས་ཡུལ་ནི་ཆོས་ལ་ཡིད་ཆེས་དང་དད་པ་བྱེད་མཁན་ཚོའི་ཐོབ་ཐང་ལ་བརྩི་བཀུར་དང་དྲང་བདེན་གྱིས་ངོས་འཛིན་ཐོབ་ཐབས་སུ་མུན་པ་སེལ་བའི་སྒྲོན་མེ་ཞིག་འབར་ཐུབ་པའི་རེ་འདུན་གནང་བཞིན་ཡོད། ཅེས་གསུངས་ཡོད་པ་རེད། ཨ་མི་རི་ཁའི་ཕྱི་སྲིད་ལྷན་ཁང་གི་ཆོས་དད་རང་དབང་གི་སྙ་ཐོ་དེའི་ནང་བྱང་ཀུ་རི་ཡ་དང་། འབར་མ། རྒྱ་ནག ཨི་རན། ཨི་རི་ཊོ་རིཡ་བཅས་མིང་བཏོན་བྱས་ནས་རྒྱལ་ཁབ་དེ་དག་གི་ནང་ཆོས་དད་རང་མོས་ཀྱི་རང་དབང་ལ་གནོད་འཚེ་ཚབས་ཆེ་བཟོ་བཞིན་པའི་གནས་ཚུལ་བཀོད་ཡོད་པ་རེད། རྒྱ་ནག་ནང་བོད་དང་། ཧོང་ཀོང་། མ་ཀའོ་བཅས་ཚུད་ཡོད་འདུག ལྷག་པར་དུ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྙན་ཐོ་དེའི་ནང་ཆོས་ལུགས་ཀྱི་རང་དབང་ལ་གནོད་འཚེ་ཚབས་ཆེ་བཟོ་བཞིན་པའི་རྒྱལ་ཁབ་དེ་དག་ནི་སྲིད་དབང་སྒེར་འཛིན་པ་དང་། མི་གཅིག་གིས་རྒྱལ་ཁབ་གཅིག་ཡུན་རིང་དབང་འཛིན་བྱས་པའི་རྒྱལ་ཁབ་དེ་དག་རེད། ཅེས་བཀོད་ཡོད་པ་རེད།
འདི་ལོ་བཏོན་པའི་སྙན་ཐོ་དེ་ནི་འདོན་ཐེངས་ཨང་ ༡༠ པ་དེ་ཡིན་པ་དང་། དེ་བཞིན་འདི་ལོའི་སྙན་ཐོ་དེ་ཕྱི་ལོ་ ༢༠༠༧ ཟླ་ ༣ ཚེས་ ༡ ནས་ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༣༠ བར་དུས་ཡུན་དེའི་རིང་རྒྱལ་སྤྱིའི་ཐོག་གི་རྒྱལ་ཁབ་ཁག་ནས་ཆོས་དད་རང་དབང་ལ་སྲུང་བརྩི་གང་འདྲ་བྱུང་ཡོད་མེད་ཀྱི་ཐོག་ལ་ཞིབ་འཇུག་གིས་སྙན་ཐོ་བཏོན་གནང་བ་ཞིག་ཡིན་འདུག ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་སྙན་ཐོ་དེ་ལོ་ལྟར་བཏོན་གྱི་ཡོད་པ་དེ་ཕྱི་སྲིད་དྲུང་ཆེ་ཕེབས་ནས་འགྲེལ་བརྗོད་གནང་གི་ཡོད། སྙན་ཐོ་དེའི་ནང་གི་ནང་དོན་ཡང་གསར་འགོད་ལྷན་ཚོགས་ཀྱི་ཐོག་ཁྱབ་བསྒྲགས་གནང་བ་སོགས་ཀྱི་ལམ་སྲོལ་ཡོད་པ་ཞིག་ཡིན་འདུག
ཐེངས་འདིའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཆོས་དད་རང་དབང་ཐོག་གི་སྙན་ཐོ་དེའི་ནང་བོད་ཀྱི་སྐོར་ལ་ཤོག་གྲངས་གསུམ་བཅུ་ཙམ་བཏོན་ཡོད་པ་དེའི་ནང་ཉེ་ལམ་ཕྱི་ཟླ་ ༣ རྒྱ་ནག་སྲིད་གཞུང་གིས་བོད་ནང་ཞི་བའི་ངོ་རྒོལ་གྱེན་ལངས་གནང་མཁན་རྣམས་ཀྱི་ཐོག་ལ་དྲག་གནོན་བྱས་པའི་གནས་ཚུལ་དེ་དག་དང་། དེའི་རྗེས་སུ་མང་པོ་ཞིག་འཇུ་བཟུང་། མང་པོ་ཞིག་གར་སོང་ཆ་མེད། འཇུ་བཟུང་བྱས་པ་ཁག་ཅིག་གློད་བཀྲོལ་བཏང་ཡང་དགོན་སྡེའི་སྒྲིག་འཛུགས་ནས་ཕྱིར་འཐེན་བྱེད་དུ་བཅུག་པ། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ནང་དམ་བསྒྲགས་ཤུགས་ཆེ་བྱས་པ་དང་། དམིགས་བསལ་རྒྱ་གཞུང་ཕྱོགས་ལ་ལྡོག་ཕྱོགས་ཀྱི་ལྟ་ཚུལ་བཀག་འགོག་བྱ་ཐབས་སུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་བཟོའི་ལས་འགུལ་རིམ་པ་ཞིག་སྤེལ་བཞིན་པ་དེ་དག་ལ་སྐྱོན་བརྗོད་བྱས་ཡོད་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་བདག་ཉར་དང་གོང་འཕེལ་གཏོང་དགོས་པ། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མུ་མཐུད་དེ་བྱེད་རྒྱུར་དོ་སྣང་བྱ་དགོས་པ། སྤྱིར་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་བོད་མི་ཚོར་སྲོལ་རྒྱུན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་ཆོག་མཆན་སྤྲད་ཡོད་ཅེས་བཀོད་ཡོད། ཡིན་ནའང་ཁོང་ཚོས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཕྱོགས་ཐད་ལ་དམ་བསྒྲགས་ཤུགས་ཆེ་བྱས་པ་མ་ཟད། བོད་མི་ཚོས་ཆབ་སྲིད་ཀྱི་བསམ་ཚུལ་རྒྱབ་འགལ་བརྗོད་པ་དང་། ཡང་ན་བོད་མིའི་རང་དབང་གི་ཆེད་ཁྲིམས་རྩོད་ཞུ་གཏུགས་ལ་སོགས་པ་བྱས་ཚེ་རྒྱ་ནག་གཞུང་གིས་འཕྲལ་མ་ཉིད་དུ་བཙན་དབང་གིས་དྲག་གནོན་བྱེད་ཀྱི་ཡོད། དཔེར་ན་བོད་མི་ཚོས་བོད་མིའི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་གུས་བཀུར་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་ཡིན་ན་ཁ་བྲལ་རིང་ལུགས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཁུལ་དང་དེ་མིན་བོད་ཀྱི་ས་གནས་གཞན་དུ་ཆོས་ཕྱོགས་ཀྱི་ཐད་འགོག་གནོན་སྔར་ལས་ཤུགས་ཆེ་ར་ུགཏོང་གི་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ྡཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་ལ་ཐེ་བྱུས་བྱས་པ། གྲྭ་བཙུན་ཚོའི་ཤེས་རིག་གོང་འཕེལ་གཏོང་ཆེད་ཤེས་རིག་བརྗེ་ལེན་སླད་དགོན་སྡེ་ཕན་ཚུན་ནང་བསྐྱོད་རྒྱུར་བཀག་སྡོམ་བྱེད་པ། དགོན་སྡེ་ཉམས་བཟོ་དང་བསྐྱར་བཟོ་བྱ་རྒྱུ་མཚམས་འཇོག་བྱེད་དུ་བཅུག་པ། དེས་མ་ཟད་རྒྱ་ནག་གཞུང་གིས་དགོན་སྡེ་ཁག་ནང་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ལས་འགུལ་ཞིག་སྤེལ་ནས་གྲྭ་བཙུན་རྣམས་ཉིན་གཅིག་ལ་ཆུ་ཚོད་ཁ་ཤས་རྒྱ་ནག་གཞུང་གི་སྲིད་དོན་སློབ་སབྱོང་བྱེད་དུ་བཅུག་གི་ཡོད་པ་དང་། བོད་མིའི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་གྲྭ་བཙུན་མི་རེ་ངོ་རེ་ནས་ཡོངས་གྲགས་ཀྱིས་སྐྱོན་བརྗོད་ཡིག་ཆའི་སྟེང་ས་རྟགས་རྒྱག་བཅུག་པ་སོགས་བྱེད་དུ་འཇུག་གི་ཡོད། དེ་ལྟ་བུའི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་དང་དེ་མིན་ཆོས་དད་རང་དབང་ཐོག་ལ་དམ་བསྒྲགས་ཤུགས་ཆེ་བྱས་པའི་རྐྱེན་གྱིས་དགོན་སྡེ་ཁག་མང་པོ་ནས་ཕེབས་པའི་གྲྭ་བཙུན་དེ་དག་གིས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ནས་བཟུང་ཞི་བའི་ངོ་རྒོལ་བྱས་པར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཡོད་པ་རེད། ཅེས་སོགས་ཞེབ་ཕྲ་བཀོད་ཡོད་པ་རེད།
སྙན་ཐོ་དེའི་ནང་ཕྱི་ལོ་ ༢༠༠༨ ནང་ཨེ་ཤི་ཡའི་ནང་དུ་ཆོས་དད་རང་དབང་གི་ཐོབ་ཐང་ཧ་ཅང་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་པའི་གནས་ཚུལ་བཀོད་ཡོད་པ་རེད། དེའི་ནང་ནས་དམིགས་བསལ་རྒྱ་ནག་ནང་མངོན་གསལ་དོད་པོས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དེ་གསལ་པོ་བཀོད་ཡོད་པ་རེད། སྙན་ཐོ་དེའི་ངོ་སྤྲོད་ནང་བོད་རང་སྐྱོང་ལྗོངས་དང་། ཆོལ་ཁ་གསུམ་ནང་གི་ཀན་སུའུ་དང་། མཚོ་སྔོན། ཟི་ཁྲོན། ཡུན་ནན་ནང་གི་ས་ཁུལ་ཚང་མ་དང་འབྲེལ་བའི་གནས་ཚུལ་སྤེལ་ཡོད་པ་རེད། དེས་མ་ཟད་སྙན་ཐོ་དེའི་ནང་ཨ་རིའི་གཞུང་གིས་བོད་ནང་གི་ཆོས་ལུགས་ཀྱི་རང་དབང་སྐོར་ལ་དོ་སྣང་གང་འདྲ་གནང་གི་ཡོད་མེད་ཀྱི་སྐོར་སོགས་བོད་ཀྱི་ཆོས་དད་རང་དབང་དང་འབྲེལ་བའི་གནས་ཚུལ་མང་དག་ཅིག་བཀོད་གནང་ཡོད་པ་རེད།།