ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༧ རེས་གཟའ་མིག་དམར།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ལྷར་བཅས་སྲིད་གཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༧ རེས་གཟའ་མིག་དམར་ཉིན་བོད་ཀྱི་ས་ཁུལ་འདམ་གཞུང་ཁུལ་དུ་ས་ཡོམ་གྱི་གོད་ཆགས་བྱུང་བ་རྣམས་ལ་སེམས་གསོའི་གསུང་འཕྲིན་ཞིག་སྩལ་ཡོད་པའི་ནང་འཁོད་དོན།
ཕྱི་ཟླ་ ༡༠ ཚེས་ ༦ ཉིན་ས་ཡོམ་གྱི་གོད་ཆགས་དེས་རྐྱེན་པས་འདམ་གཞུང་ས་ཁུལ་དང་ལྷ་སའི་ནུབ་ཕྱོགས་ཀྱི་ཉེ་འཁོར་ས་ཁུལ་དུ་འཆི་སྐྱོན་བྱུང་བ་དང་རྒྱུ་དངོས་གྱོང་གུན་བྱུང་བར་ངོས་རང་ཧ་ཅང་བློ་ཕམ་ཆེན་པོ་བྱུང་།
ང་ཚོས་རྐྱེན་ངན་དེའི་ནང་འཆི་སྐྱོན་བྱུང་བ་དེ་དག་ལ་གསོལ་འདེབས་སྨོན་ལམ་རྒྱག་རྒྱུ་དང་། རྗེས་ཤུལ་གྱི་ནང་མི་རྣམས་དང་རང་བྱུང་གོད་ཆགས་འཕོག་ཡུལ་རྣམས་ལ་སེམས་གསོའི་འཚམས་འདྲི་ཡོད།
ས་ཡོམ་གྱིས་གནོད་འཚེ་འཕོག་པའི་མི་མང་རྣམས་ལ་ངོས་རང་སེམས་འཚབ་ཆེན་པོ་ཡོད་ཅིང་གདུང་སེམས་མཉམ་སྐྱེ་མཚོན་ཆེད་གནོད་འཚེ་འཕོག་པའི་ས་ཁུལ་ཁག་ལ་རྒུད་སྐྱོབས་མཐུན་འགྱུར་ཞུ་རྒྱུའི་ཐབས་ལམ་ཞིག་འཚོལ་བཞིན་ཡོད། ཅེས་པའི་གསུང་འཕྲིན་ཞིག་སྩལ་ཡོད་པ་རེད།
ཐུགས་སྣང་།
གསུང་འཕྲིན་ངོ་མ་དབྱིན་ཡིག་ཐོག་ཡོད་པ་ནས་འདི་ག་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་རྩ་བ་དབྱིན་ཡིག་རང་ལ་རྩ་འཛིན་ཡོད་པ་ཞུ།