ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༠༨ ཟླ་ ༣ པའི་ཚེས་ ༡༠ ནས་བཟུང་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ནང་ཞི་རྒྱ་ཆེ་བའི་ཞི་རྒོལ་བྱུང་བའི་ཁྲོད་ནས་མདོ་སྨད་ཁུལ་གྱི་ཞི་བའི་ངོ་རྒོལ་གྱི་གནས་ཚུལ་ཕྱོགས་བསྡོམས་ཞུས་པ། ས་བྱི་ཞི་རྒོལ་ཆེན་མོ། ཞེས་པའི་དཔེ་དེབ་ཞིག་རྩོམ་སྒྲིག་ཞུས་ཏེ་ ༢༠༠༨ ཕྱི་ཟླ་ ༡༠ ཚེས་ ༢ ཉིན་སེམས་དཔའ་ཆེན་པོ་གྷན་དྷིའི་འཁྲུངས་སྐར་དང་སྟབས་བསྟུན་གྱིས་གངས་ཅན་སྐྱིད་གཤོངས་ལས་བྱེད་གསོལ་ཚིགས་ཁང་གི་ཡང་སྟེང་ཚོགས་ཁང་དུ་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་སྐུ་མགྲོན་གྱི་གཙོ་བོ་བཀའ་ཟུར་རོང་ཆེན་ཀིརྟི་རིན་པོ་མཆོག་ཕེབས་འབྱོར་གནང་ཕྲལ་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ནས་མཛད་རིམ་ངོ་སྤྲོད་གནང་བ་དང་སྦྲགས་ཞི་རྒོལ་ཆེན་མོའི་ནང་ཚེ་སྲོག་ཤོར་བ་དང་། རྨས་པ། བཙོན་དུ་གནས་མུས་བཅས་ཀྱི་དོན་དུ་གདུང་སེམས་མཉམ་སྐྱེ་ཆེད་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས་རྗེས་བཀའ་ཟུར་རོང་ཆེན་ཀིརྟི་རིན་པོ་ཆེ་མཆོག་ནས་དཔེ་དེབ་དབུ་འབྱེད་གནང་ཡོད་པ་རེད།
དེ་རྗེས་སྤྱི་ཟུར་ཧོར་ཚང་འཇིགས་མེད་ལགས་ནས་དཔེ་དེབ་ཀྱི་སྔོན་གླེང་སྐོར་གསལ་བཤད་གནང་རྗེས་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ནས་གསུང་བཤད་གནང་དོན། བོད་ནང་སོ་སོའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་སྟེ་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་དོན་དུ་དཀའ་ངལ་རྒྱག་མཁན་ཚོའི་ལོ་རྒྱུས་ཀྱི་ཐོག་ལ་དེ་རིང་འདིར་སྐད་ཆ་ཤོད་དུ་ཡོང་དགོས་ཀྱི་རེད་ཅེས་གསུང་སྐབས་བཅར་གྱི་མིན་ཞེས་བཤད་རྒྱུ་དེ་རང་བཞིན་གྱི་ཁག་པོ་ཞིག་ཆགས་ཏེ་བཅར་དགོས་པའི་རྒྱུ་མཚན་དེ་འདྲ་ཆགས་ཡོད། དེ་རིང་འདིར་ཕེབས་པའི་མཆོག་ཏུ་བཀུར་འོས་བཀའ་ཟུར་རྣམ་གཉིས་དང་། བཀུར་འོས་སྤྱི་འཐུས་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་རྣམ་པ་དང་། དེ་བཞིན་ལས་བྱེད་བགྲེས་གྲས་འགའ་ཤས་ཤིག་ཕེབས་འདུག་པ་ཚང་མར་ངས་དེ་རིང་སེམས་པ་ཆེན་པོ་གྷན་རྡིའི་འཁྲུངས་སྐར་དང་སྟབས་བསྟུན་ནས་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་ཚོགས་པས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཕྱག་དེབ་ཕྱོགས་བསྡོམས་གནང་བའི་དབུ་འབྱེད་ཀྱི་མཛད་སྒོ་ཆགས་ཀྱི་ཡོད། སྐུ་ངོ་སྤྱི་འཐུས་རྣམ་པ་ཚོས་མཁྱེན་གསལ་རེད། གཞུང་ཞབས་ཤིག་ཚོགས་པ་ཁག་ནང་བསྐྱོད་དེ་གཏམ་བཤད་བྱེད་ཆོག་མིན་དུས་ཚོད་ཀྱི་འགྲོ་སྟངས་ཀྱི་ཆ་ནས་གནད་འགག་ཅིག་ཏན་ཏན་ཆགས་ཡོད་པ་རེད། ཡིན་ནའང་འདིར་སྔོན་ལ་གཏམ་བཤད་བྱེད་དགོས་ཀྱི་རེད་གསུང་མ་བྱུང་ཡང་། མཛད་རིམ་ནང་ཡོད་པ་ལྟར་ཤོད་སྐབས་གོང་དུ་ཞུས་པ་ལྟར་རྒྱལ་ཁབ་དང་མི་རིགས་ཀྱི་གནས་ཚུལ་ཞིག་ཆགས་སྐབས་འདི་ལ་གུས་འདུད་ཞུ་རྒྱུ་དང་། དེ་ལ་རྗེས་དྲན་ཞུ་རྒྱུའི་དུས་ཚོད་གཅིག་ལ་ཕྱིར་འཐེན་བྱེད་མི་ཐུབ་པའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད་པ་རེད། ཅེས་དང་། ཡང་སྐུ་ངོ་བཀའ་དྲུང་མཆོག་ནས་གསུང་དོན། ལོ་རྒྱུས་མང་པོ་ཞིག་ཏག་ཏག་བསྡད་མ་ཐུབ་པའི་རྒྱུ་མཚན་ནི་སྐབས་དང་དུས་སོ་སོའི་བྱུང་བ་རྣམས་ཡིག་ཐོག་ཏུ་འགོད་མ་ཐུབ་པའི་སྐྱོན་ཆ་ཞིག་ལྷག་ཡོད་པ་གསལ་པོ་ཆགས་ཡོད་པ་རེད་ཅེས་སོགས་གསུང་བཤད་གནང་།
བཀའ་དྲུང་གི་གསུང་བཤད་གྲུབ་མཚམས་་བཀའ་ཟུར་ཨ་ལགས་འཇིགས་མེད་ལྷུན་གྲུབ་རིན་པོ་ཆེ་མཆོག་ནས་དཔེ་དེབ་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་གནང་གྲུབ་རྗེས་མགྲོན་གྱི་གཙོ་བོ་བཀའ་ཟུར་རོང་ཆེན་ཀིརྟི་རིན་པོ་ཆེ་མཆོག་ནས་བོད་ཀྱི་ཆོས་དང་རིག་གཞུང་། ཆས་གོས་སོགས་མི་ཉམས་རྒྱུད་འཛིན་བྱེད་ཕྱོགས་བཅས་ཀྱི་སྐོར་ལ་ལམ་སྟོན་གསུང་བཤད་ཟབ་རྒྱས་ཤིག་གནང་གྲུབ་རྗེས་དཔེ་དེབ་འགྲེམས་སྤེལ་གནང་། དེ་ནས་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་གསོལ་ཇ་དང་ཞལ་ཏོག་འདེགས་འབུལ་གྱིས་མཛད་སྒོ་ལེགས་པར་གྲུབ་པའི་གནས་བསྡུས་སུ།།