ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡༡ ནས་ཚེས་ ༡༢ བར་ཉིན་གྲངས་གཉིས་རིང་སུད་སིའི་གྲོང་ཁྱེར་སྦ་སེལ་དུ་སྐོང་ཚོགས་གནང་ཡོད་པ་རེད། ཚོགས་ཆེན་དེའི་ཐོག་ཡུ་རོབ་ནང་གི་རྒྱལ་ཁབ་ཨོ་སི་ཊོ་ལི་ཡ་དང་། སྦལ་ཇམ། ཌན་མག ཕ་རན་སི། ཇར་མི་ནིའི། ཧན་གྷ་རི། ཨ་རི་ལན་ཌེ། ཨེ་ཊཱ་ལི། ནི་ཌར་ལན་ཌེ། ནོར་ཝལ། པོ་ལན་ཌེ། སེ་པན། སུ་ཝི་ཌན། སུ་ཛི་ལན་ཌེ། དབྱིན་ཡུལ་བཅས་རྒྱལ་ཁབ་ཁག ༡༥ ཙམ་ནས་བོད་མིིའི་སྐུ་ཚབ་ཚོགས་མི་ ༡༢༧ ཙམ་ལྷན་ཞུགས་གནང་ཡོད་པ་རེད།
ཐེངས་འདིའི་ཡུ་རོབ་བོད་རིགས་མི་མང་ཚོགས་ཐེངས་དང་པོའི་ལྷན་ཚོགས་དེ་གཙོ་བོ་དོན་ཚན་གསུམ་ཐོག་ཚོགས་གནང་ཡོད་པ་རེད། དེ་ཡང་ཡུ་རོབ་ཀྱི་ས་ཁུལ་ཁག་ཏུ་ཆབ་སྲིད་ཐོག་ལས་འགུལ་ཤུགས་ཆེ་སྤེལ་ཐུབ་ཐབས་དང་། བོད་ཀྱི་ནང་ཆོས་དབུས་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱས་ཏེ་ཡུ་རོབ་ཁུལ་དུ་འཚར་ལོངས་བྱུང་བའི་བོད་ཕྲུག་རྣམས་ལ་ཕན་ཐོགས་ཡོང་ཐུབ་ཐབས། ཡུ་རོབ་བོད་མིའི་སྤྱི་ཚོགས་ནས་འདོན་སྤེལ་བྱས་པའི་བསམ་ཚུལ་དེ་དག་ས་གནས་དང་། རྒྱལ་ཡོངས། རྒྱལ་སྤྱིའི་ཐོག་ལ་ལག་བསྟར་བྱ་རྒྱུར་ཁས་ལེན་བྱེད་དགོས་ཀྱི་ཐོག་ལ་གྲོས་མོལ་གནང་ཡོད་པ་རེད།
ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་དེའི་ཐོག་གྲོས་ཆོད་གཅིག་བཞག་པའི་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མི་ས་ཡ་དྲུག་གི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཅིག་ཡིན་པ་སྤྱིི་མོས་གནང་བ་དང་། བོད་ནང་མཚོན་རིགས་བེད་སྤྱད་ནས་དྲག་གནོན་བྱེད་བཞིན་ཡོད་པར་སེམས་འཚབ་ཡོད་པ། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུའུ་ཅིང་ཐའོ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་བྱེད་བཞིན་ཡོད་པ་དེ་དག་དེ་མ་ཉིད་དུ་མཚམས་འཇོག་དགོས་རྒྱུ། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་ཡོད་པའི་རྒྱལ་ཁབ་དེ་དག་ལ་བོད་དོན་འབྲེལ་མཐུད་སྐུ་ཚབ་ཅིག་དམིགས་བསལ་བསྐོ་བཞག་གནང་རོགས་ཞེས་འབོད་སྐུལ་ཞུས་སྟེ་འབྲེལ་མཐུད་པ་དེས་བོད་ཀྱི་གནད་དོན་ཞིབ་འཇུག་བྱས་ནས་རྒྱ་ནག་གཞུང་ལ་བོད་ཀྱི་མ་འོངས་པའི་ཆབ་སྲིད་ཀྱི་གནས་སྟངས་ཐོག་ལ་ཕན་ཚུན་གཉིས་མོས་ཀྱིས་ཐབས་ལམ་ཞིག་ཡོང་རྒྱུར་སྐུལ་ལྕག་གཏོང་རྒྱུ། ཞེས་གྲོས་ཆོད་བཞག་ཡོད་པ་རེད།
ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་ཐེངས་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་ལ་གཏམ་བཤད་གནང་ཡོད་པ་དང་། ཚོགས་ཆེན་དེའི་ཐོག་གོ་བསྡུར་ལྷུག་པོ་དང་ཕྱི་གསལ་ནང་གསལ་ཞིག་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད།
ཡུ་རོབ་བོད་མིའི་ཚོགས་ཆེན་ཐེངས་གཉིས་པ་དེ་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡༠ ནང་ཚོགས་རྒྱུར་གཏན་འཁེལ་ཟིན་ཡོད་པ་བཅས་གནས་ཚུལ་དུ།།