ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡༦ རེས་གཟའ་ཕུར་བུ།
བོད་གཞུང་ལས་ཁུངས་མ་ལག་ནས་རིང་མིན་གཅིག་བསྡུས་ཡར་རྒྱས་འཆར་གཞི་བཞི་པ་ལག་བསྟར་ཞུ་རྒྱུའི་དུས་མཚམས་དང་བསྟུན། བོད་གཞུང་འཆར་འགོད་ལྷན་ཁང་ནས་བཙན་བྱོལ་བོད་མི་གཞོན་སྐྱེས་ཚོར་ཆེད་དུ་དམིགས་ཏེ་ཆེད་ལས་ལས་འཆར་བཟོ་འགོད་དང་འཛུགས་སྐྲུན་ལག་བསྟར་བྱེད་རྒྱུའི་མཁོ་གནད་ཆེ་བའི་དམིགས་བསལ་འོས་སྦྱོང་ཞིག ༢༠༠༨ ཟླ་ ༡༢ ཚེས་ ༡ ནས་ ༢༠༠༩ ཟླ་ ༡ ཚེས་ ༡༧ བར་རྡ་སར་གོ་སྒྲིག་ཞུ་གཏན་འཁེལ་སོང་ན། གོང་གསལ་འོས་སྦྱོང་ནང་འཛུལ་བཞུགས་བྱ་འདོད་ཡོད་རིགས་ནས་གཤམ་འཁོད་དགོས་ངེས་གནད་དོན་རྣམས་ལ་ཐུགས་ཞིབ་ཀྱིས་འཚང་སྙན་འགེངས་ཤོག་འཐུས་ཚང་བཀང་སྟེ་འདི་ག་ལས་ཁུངས་ཀྱི་གཤམ་འཁོད་ཁ་བྱང་ཐོག་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༥ འགྱངས་མེད་གནང་འབྱོར་ཐུབ་དགོས་པས་གསལ་བསྒྲགས་སུ། འཆར་འགོད་ལས་ཁུངས་ནས་སྤྱི་ཁྱབ་འཆར་འགོད་པས་ ༢༠༠༨ ཟླ་ ༡༠ ཚེས་ ༡༦ ལ།།
དམིགས་ཡུལ།
༡༽རྒྱལ་སྤྱི་དང་། རྒྱལ་ཁབ། ས་གནས་སོ་སོའི་འཛུགས་སྐྲུན་ལས་གཞི་འཆར་འགོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཁག་མཁྱེན་རྟོགས་ཐུབ་པ།
༢༽ལས་གཞི་དང་ལས་འཆར་གྱི་འཁོར་ལམ་ཤེས་རྟོགས་ཐོག་འཛིན་སྐྱོང་ཐུབ་པ།
༣༽བཙན་བྱོལ་བོད་མིའི་གནད་དོན་དང་གནས་སྟངས་ལ་ཞིབ་དཔྱད་ཐུབ་པ།
༤༽ལས་འཆར་དང་ལས་གཞི་བཟོ་འགོད་དང་ལག་བསྟར། དེ་བཞིན་འཛིན་སྐྱོང་ཚག་ཚུད་ཡོང་ཆེད་ཚན་རྩལ་གྱི་ཐབས་ལམ་དང་ཐབས་བྱུས་བཀོད་སྒྲིག་ཐུབ་པ།
ཆ་རྐྱེན།
༡༽མཐོ་སློབ་ལག་འཁྱེར་ B.A.ཡང་ན་དེ་དང་འདྲ་མཉམ་ཡོད་པའི་ལག་འཁྱེར་གཞན། ཤེས་རབ་དགའ་ཚལ་སློབ་གླིང་སློབ་ཐོན་རྣམས་ལ་དམིགས་བསལ་ས་དམིགས་ ༣ དགོས་སྤྲོད་ཞུ་རྒྱུ།
༢༽སྐྱབས་བཅོལ་ལག་དེབ་ (R.C.) དང་དང་བླང་དཔྱ་དངུལ་གཙང་འབུལ་ཟིན་པའི་ངོས་སྦྱོར།
༣༽སེམས་ཤུགས་དང་འཕྲོད་བསྟེན་གཉིས་ཀའི་སྒོ་ནས་འོས་སྦྱོང་ནང་འཛུལ་བཞུགས་ཐུབ་ངེས་ཡོད་པ།
༤༽ས་གནས་གང་སར་ལས་འཆར་འགན་འཛིན་གྱི་འགན་འཁུར་ཞུ་འདོད་ཡོད་པ། ས་དམིགས་ ༢༠ ནས་ ༢༥ ལ་མཐའ་མའི་འདེམས་སྒྲུག་དེ་འགེངས་ཤོག་ནང་གི་གནས་ཚུལ་དང་ངག་རྒྱུགས་ཐོག་གཏན་འབེབས་བྱ་རྒྱུ་ཡིན། འགེངས་ཤོག་འབུལ་བ་ཙམ་གྱི་ས་དམིགས་ཐོབ་པའི་ངེས་པ་མེད།
མཐུན་རྐྱེན།
༡༽འདེམས་ཐོན་བྱུང་བ་རྣམས་ལ་འགྲིམ་འགྲུལ་མེ་འཁོར་ཨང་ ༢ ཉལ་ཁྲི་ཡོད་པ་ཅན་དང་ཡང་ན་རླངས་འཁོར་འགྲུལ་བསྐྱོད་བྱེད་པའི་བྱུང་འཛིན་ལ་མཐུན་འགྱུར་གནང་རྒྱུ།
༢༽འོས་སྦྱོང་དུས་ཡུན་རིང་གསོལ་ཚིགས་དང་། དེབ། སྨྱུ་གུ་ལ་སོགས་འོས་སྦྱོང་དང་འབྲེལ་བའི་ཅ་དངོས་རྣམས་རང་གཞུང་ནས་ནར་གཏོང་ཞུ་རྒྱུ་ཡིན།
༣༽རྡ་ས་ནས་མིན་པ་རྣམས་ལ་སྡོད་གནས་གོ་སྒྲིག་ཞུ་རྒྱུ།
འཚང་སྙན་འབུལ་ཚེས།
ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༥
འགེངས་ཤོག་དང་གཞན་གནས་ཚུལ་ཞིབ་ཕྲ་བཙན་བྱོལ་བོད་གཞུང་གི་དྲ་རྒྱ་www.tibet.netཡང་ན་ས་གནས་འགོ་འཛིན་ལས་ཁུངས་ནས་ཞུ་རྒྱུ།
འབྲེལ་མཐུད་ཁ་བྱང་།
Mr. Tenzin Dhonyo
Planning Officer and Training Coordinator
Planning Commission
Central Tibetan Administration
Dharamsala-176215
Phone nos: 01892-222287,?223327
Fax no:01892-224914
E-mail:[email protected]