ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་གནང་སྒོ་ཁག་ལེགས་གྲུབ་ཟིན་ཏེ་ ༢༠༠༨ ཕྱི་ཟླ་ ༡༠ ཚེས་ ༢༠ ཕྱེད་ཡོལ་ཆུ་ཚོད་ ༣།༠ ཙམ་ལ་ལྡི་ལི་ནས་མཁའ་ལམ་བརྒྱུད་གྷ་གལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཕེབས་སྒོ་དང་པོའི་ཕེབས་བསུར་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་། དཔལ་ལྡན་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་བླ་རྣམ་གཉིས། རྒྱ་གར་ཕྱི་སྲིད་སྣེ་ཤན་པ་གཞོན་པ། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། རྡ་ས་ས་གནས་བདེ་དོན་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་སྣེ་རྣམ་པ། ས་རྭ་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག གོ་པལ་སྤར་དགེ་ལས་སློབ་ཕྲུག ཏི་ལོ་སྤུར་བཙུན་དགོན། ཐང་སྟོང་གླུ་གར་ནས་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་གྱིས་ཕེབས་བསུ་གཟབ་རྒྱས་ཞུས།
ཕེབས་སྒོ་གཉིས་པར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དང་། འཇམ་དབྱངས་ཆོས་གླིང་། ཤུགས་གསེབ་བཙུན་དགོན་བཅས་པའི་དགེ་འདུན་པ་དང་བཙུན་མ། རྡ་ཤོད་བོད་ཁྱིམ་གྱི་དགེ་ལས་སློབ་མ། ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ལས་སློབ་མ། ནོར་གླིང་། མེས་དབོན་དཔེ་སྟོན་སློབ་གྲྭའི་དགེ་ལས་སློབ་ཕྲུག་བཅས་ནས་ལག་ཏུ་དཀར་གཙང་གི་དར་དཀར་དང་སྤོས་སྣེ་བཅས་ཐོག་སྟེ་ཕེབས་བསུ་ཞུས།
ཕེབས་སྒོ་གསུམ་པར་གཞུང་ཞབས་ལས་བྱེད་རྣམ་པ་དང་། སྨན་རྩིས་ཁང་གི་ལས་བྱེད། གནས་ཆུང་དང་དགའ་གདོང་དགེ་འདུན་པ་བཅས་ནས་ཕེབས་ལམ་དུ་སེར་སྦྲེངས་དང་དུང་རྒྱ་སྤོས་སྣེས་ཕེབས་བསུ་ཞུས།
ཕེབས་སྒོ་བཞི་པར་ཕོ་གསར་གྷན་ཇིའི་མི་མང་དང་། རྡ་སྟེང་བོད་ཁྱིམ་དགེ་ལས་སློབ་ཕྲུག ཚེ་མཆོག་གླིང་། བཙུན་དགོན་དགའ་ལྡན་ཆོས་གླིང་བཅས་ནས་ཕེབས་བསུ་ཞུས།
ཕེབས་སྒོ་ལྔ་པར་མེག་གྷན་མི་མང་དང་། ཧི་མ་ལ་ཡའི་ཁྱིམ་ཚང་ཚོགས་པའི་ཚོགས་གཙོ། འཁོར་གསུམ་སྣུམ་འཁོར་སྐྱིད་སྡུག་ཚོགས་པ། རྒྱ་གར་རྡ་ས་གླ་བྱེད་སྣུམ་འཁོར་སྐྱིད་སྡུག་ཚོགས་པ་བཅས་ནས་ཕེབས་བསུ་ཞུས།
ཕེབས་སྒོ་དྲུག་པར་རིགས་ལམ་སློབ་གཉེར་ཁང་དང་། ཀིརྟི་བྱེས་པ་གྲྭ་ཚང་། གཡས་གཡོན་གནས་སྡོད་མི་མང་། ཕོ་བྲང་གི་གཟིམ་སྒོའི་མདུན་དུ་སྐུ་བཅར་རྣམ་གྲྭའི་མཁན་པོ་ཆོག་གྲྭ་ཡོངས་ནས་ཕྱག་ཏུ་བཀྲ་ཤིས་པའི་མཆོད་རྫས་སོགས་སེར་སྦྲེངས་སྤོས་སྣེ་དང་བཅས་ཀྱིས་གདན་འདྲེན་ཞུ་སྐབས་བོད་གཞུང་ཟློས་གར་ནས་བཀྲིས་ཞོལ་པ་འཁྲབ་སྟོན་ཕུལ་ཏེ་ཕོ་བྲང་གི་གཟིམ་སྒོའི་ནང་གདན་འདྲེན་ཞུས། ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན། བོད་མི་མང་སྤྱི་འཐུས་ཚོགས་གཞོན། བཀའ་བློན་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། སྐུའི་བླ་སྨན་པ་བཅས་ནས་ཕོ་བྲང་གི་གཟིམ་སྒོའི་ནང་རུ་སྒྲིག་སྟེ་གུས་བསུའི་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།