ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །བོད་གཞུང་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༦ ཉིན་གྱི་ཕྱི་དྲོ་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་དང་། ཕྱི་ཟླ་ ༡༠ ཚེས་ ༩ ནས་ཚེས་ ༡༦ བར་ཨོ་སེ་ཊོ་ལི་ཡ་དང་ནིའུ་ཛི་ལན་ཌེར་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་པ་རེད།
དེ་ཡང་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་ཕྱི་ཟླ་ ༡༠ ཚེས་ ༩ ཉིན་ཨོ་སེ་ཊོ་ལི་ཡའི་གྲོང་ཁྱེར་སིཌེ་ནི་(Sidney)རུ་ཨོ་ལེམ་པིཀ་རྗེས་བོད་ཀྱི་གནས་སྟངས་སྐོར་མི་མང་ལ་གསུང་བཤད་གནང་རྒྱུ་དང་། དེ་ཉིན་ཕྱི་དྲོ་རྒྱ་ནག་མང་གཙོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཆིན་ཇིན་(Mr Chin Jin, Chirman of Federation for Democratic China)དང་རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་མིའི་(Ms Mei)ནས་མགྲོན་འབོད་ཞུས་པ་བཞིན་དགོང་དྲོའི་གསོལ་ཚིགས་ལ་ཕེབས་གཏན་འཁེལ་ཡོད། རྒྱ་བོད་མཛའ་འབྲེལ་ཚོགས་པ་དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་རྒྱ་བོད་བར་གྱི་འབྲེལ་ལམ་གོང་མཐོར་གཏོང་རྒྱུ་དང་བསམ་ཤེས་གང་ལེགས་ཡོང་རྒྱུའི་སླད་བཙུགས་པ་ཞིག་ཡིན་འདུག
ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་ཨོ་སེ་ཊོ་ལི་ཡའི་བོད་རིགས་ལྷན་ཚོགས་(Australian Tibet Counsil)ནས་གོ་སྒྲིག་ཞུས་པ་བཞིན་ཕྱི་དྲིལ་བཀའ་བློན་མཆོག་ནས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་(Amnesty International)དང་། རྒྱལ་སྤྱིའི་ཁྲིམས་མཐུན་མཁས་པའི་ལྷན་ཚོགས།(International Commission of Jurists) ཨོ་སི་ཊོ་ལི་ཡའི་བོད་རིགས་ཚོགས་པ་(Australian Tibet Society)བཅས་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མཁས་དབང་དང་། འགྲེལ་བརྗོད་པ། སྐུ་ཚབ་རྣམས་དང་ཐུག་འཕྲད་གནང་རྒྱུ་ཡིན་འདུག ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་བཀའ་བློན་མཆོག་ནས་སིཌེ་ནི་གཙུག་ལག་སློབ་གཉེར་ཁང་གི་ཞི་བདེ་དང་རྩོད་རྙོག་སློབ་གཉེར་བསྟི་གནས་ཁང་(Center for Peace and Conflict Studies, Sidney University)དུ་འཚེ་བ་མེད་པ་དང་བོད་ཀྱི་འཐབ་རྩོད་ཐོག་ལ་སྙིང་དོན་གསུང་བཤད་གནང་རྒྱུ་ཡིན་འདུག
ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌེ་ནི་ནང་དུ་བོད་མི་གནས་སྡོད་བྱེད་མཁན་ ༣༥༠ ལྷག་ཡོད་པ་ཕལ་ཆེ་བ་ཌིའི་ཝཨེ་(Dee Why)ས་ཁུལ་དུ་གནས་སྡོད་བྱེད་བཞིན་ཡོད་པའི་བོད་རིགས་ལྷན་ཚོགས་ནས་བཀའ་བློན་མཆོག་ལ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་འཁྲབ་སྟོན་གཟིགས་འབུལ་ཞུ་རྒྱུ་དང་། ས་གནས་བོད་རིགས་མི་མང་གི་ཉིན་རེའི་བྱ་གཞག་སྐོར་སྙན་སྒྲོན་ཞུ་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༢ ཉིན་བཀའ་བློན་མཆོག་གྲོང་ཁྱེར་སིཌེ་ནི་ནས་མིལ་བོར་ནི་(Melbourne)ལ་ཕེབས་འབྱོར་གནང་ནས་ས་གནས་དེ་གའི་ཨོ་སེ་ཊོ་ལི་ཡའི་བོད་རིགས་ལྷན་ཚོགས་དང་། ཨོ་སེ་ཊོ་ལི་ཡའི་བུད་མེད་ལྷན་ཚོགས། ཝིཀ་ཊོར་རིན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ།(Victorian Parliamentary Group for Tibet) ཊཱ་ར་སློབ་གཉེར་ཁང་གི་རྒྱ་རིགས་སྡེ་ཚན་གྱི་སློབ་གཉེར་བ་རྣམས་དང་(Chinese Group at Tara Institute)ཐུག་འཕྲད་གནང་རྒྱུ་དང་། དེ་རྗེས་གྲོང་ཁྱེར་མིལ་བོར་ནིའི་ནང་གནས་སྡོད་བོད་རིགས་མི་གྲངས་ ༡༡༠ ལྷག་ཙམ་ལ་གཏམ་བཤད་གནང་རྒྱུ་ཡིན་འདུག ཉིན་དེར་བཀའ་བློན་མཆོག་མིལ་བོར་ནི་གྲོང་ཁྱེར་ནས་ཨོ་སེ་ཀྲོ་ལི་ཡའི་རྒྱལ་ས་ཁན་བི་རར་ཕེབས་འབྱོར་གནང་ནས་ཉིན་གྲངས་གཉིས་བཞུགས་ཞག་གནང་རྒྱུ་རེད་འདུག ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་བཀའ་བློན་མཆོག་ཨོ་སེ་ཊོ་ལི་ཡའི་རྒྱལ་ས་ཁན་བི་རའི་ས་གནས་གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་ཚོང་འབྲེལ་ཚོགས་ཆུང་གི་ཚོགས་མི་(Sub-Committee members the Foreign Affairs and Trade at Federal Parliament at Canberra)རྣམས་དང་མཇལ་མོལ་གནང་རྒྱུ་རེད་འདུག དེ་ནི་ཨོ་སེ་ཊོ་ལི་ཡའི་གྲོས་ཚོགས་ནང་བོད་ཀྱི་རྩ་དོན་ཐོག་གི་བཟང་ཕྱོགས་ཀྱི་ཡར་རྒྱས་ཤིག་ཡིན།
ཕྱི་དྲོ་ལྗང་ཁུ་ཚོགས་པའི་དབུ་ཁྲིད་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་བོབ་བོ་རོན་(Green Party leader Senator Bob Brown) མཆོག་ནས་བཀའ་བློན་མཆོག་ལ་ཕེབས་བསུའི་གསོལ་སྟོན་བཤམ་འཆར་ཡོད་པ་བཞིན་བཀའ་བློན་མཆོག་གསོལ་ཚིགས་ལ་བཅར་རྒྱུ་དང་། ལྗང་ཁུ་ཚོགས་པའི་འཐུས་མི་ཡོངས་རྫོགས་བཀའ་བློན་མཆོག་ལ་ཕེབས་བསུའི་གསོལ་སྟོན་ཐོག་བཅར་རྒྱུ་ཡིན་འདུག ལྗང་ཁུ་ཚོགས་པ་དེ་ནི་ཨོ་སི་ཊོ་ལི་ཡའི་ནང་གི་སྲིད་དོན་ཚོགས་པ་ཆེ་ཤོས་གསུམ་པ་དེ་ཡིན་པ་དང་གྲོས་ཚོགས་སུ་དབང་ཚད་གཅིག་མཚུངས་ཡོད་པའི་སྲིད་དོན་ཚོགས་པ་ཞིག་ཡིན་པ་རེད།
ཕྱི་ཚེས་ ༡༤ ཉིན་རྒྱལ་ཡོངས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མ་ཀལ་ཌན་བལ་(Hon Micheal Danby, Chairmanship of All Party Parliamentary Group for Tibet)མཆོག་ནས་གྲོས་ཚོགས་སུ་བཀའ་བློན་མཆོག་ལ་གྲོས་ཚོགས་ངོས་ནས་ཕེབས་བསུ་ཞིག་གོ་སྒྲིག་ཞུས་ཡོད་པར་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་ལྷན་བཞུགས་གནང་རྒྱུ་ཡིན་འདུག དེ་བཞིན་བཀའ་བློན་མཆོག་ནས་ཕྱི་སྲིད་བློན་ཆེན་ལྷན་ཁང་(foriegn Ministry)གི་ལས་བྱེད་བགྲེས་པ་ཚོ་དང་ཕྱོགས་འགལ་ཚོགས་པའི་ཕྱི་སྲིད་བློན་ཆེན་སྐུུ་ཞབས་ཧི་ནན་ཁོ་ནན་(Shadow Foreign Minister Sinator Hon Helen Coonan of the Liberal Party)བཅས་དང་གྲོས་ཚོགས་ཀྱི་ཚོགས་ཁང་དུ་མཇལ་འཕྲད་གནང་རྒྱུ་ཡིན་འདུག
དེ་རྗེས་བཀའ་བློན་མཆོག་ནས་བོད་ཀྱི་སྲོལ་རྒྱུན་གྱི་མཛད་སྒོ་དང་བཅས་ཨོ་སི་ཊོ་ལི་ཡར་རྟེན་གཞི་བྱས་པའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་(Tibet Information Office)ལས་ཁུངས་གསར་པར་གནས་སྤོས་གནང་བའི་དབུ་འབྱེད་གནང་རྒྱུ་ཡིན་འདུག
ནིའུ་ཛི་ལན་ཌེར་བཀའ་བློན་མཆོག་ནས་བོད་དོན་རྒྱབ་སྐྱོར་བ་དང་བོད་པའི་ཚོགས་པ་བཅས་ལ་ཨ་སེ་ཊི་ཨན་ཌེརུ་པི་རིསེ་བལ་ཊི་རན་ཆོས་ཁང་(St. Andrews Presbyterian Church Hall)དུ་གསུང་བཤད་གནང་རྒྱུ་དང་དེ་རྗེས་གཞུང་འབྲེལ་གྱི་མཛད་འཆར་མཐའ་དག་གྲུབ་རྗེས་རྒྱ་གར་དུ་ཕྱིེར་ལོག་གནང་རྒྱུ་ཡིན་པ་རེད་འདུག
ཐེངས་འདིའི་ཕྱི་དྲིལ་བཀའ་བློན་མཆོག་གི་གཞུང་འབྲེལ་ཕྱོགས་བསྐྱོད་དེ་ཨོ་སེ་ཊོ་ལི་ཡའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ནས་འབྲེལ་མཐུད་ཞུས་པ་ཞིག་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།