ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡ རེས་གཟའ་ལྷག་པ།
༄༅། ཕྱིི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༨ ཉིན་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོཌ་མཆོག་ཕྱི་དྲོའི་ཚོུད་ ༢།༣༠ གངས་སྐྱིད་ནས་གྷ་གལ་གནམ་ཐང་བརྒྱུད་ཆུ་ཚོད་ ༤།༢༠ ཐོག་ལྡི་ལིར་ཐོན་འབྱོར་གྱིས་ཕྱི་ཚེས་ ༡༩ ཉིན་སྔ་དྲོའི་ཆུ་ཚོད་ ༨།༣༠ ཐོག་ལྡི་ལི་ནས་མུམ་བཡི་བརྒྱུད་ལྷོ་ཕྱོགས་ཧུབ་ལི་གནམ་ཐང་དུ་ཕེབས་འབྱོར་གནང་སྟེ་མོན་གྷོ་འདོད་རྒུ་གླིང་ས་འཐུས་ཚོགས་གཙོ་དང་། འགོ་འཛིན། འབྲས་བློ་གླིང་ཕྱག་མཛོད་བགྲེས་པ་བཅས་ནས་བསུ་བ་དང་བཅས་འབྲས་བློ་གླིང་མགྲོན་ཁང་དུ་ཕེབས་འབྱོར་གནང་། དེར་ས་གནས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གི་སྐུ་ཚབ་རྣམས་ནས་སྣེ་ལེན་རྗེས་དེར་བཞུགས་གནང་འདུག
ཕྱི་ཚེས་ ༢༠ ཉིན་སྔ་དྲོའི་ཆར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་པ་ཁྲི་ཟུར་རྗེ་བཙུན་བློ་བཟང་ཉི་མ་དཔལ་བཟང་པོ་མཆོག་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་སྐུ་གདུང་རིན་པོ་ཆེར་མཇལ་ཁ་ཆེད་བཅར་གྱིས་གུས་ཕྱག་དང་བཅས་མཇལ་དར་དང་རྟེན་དོད་བཅས་ཕུལ་ནས་གསོལ་འདེབས་སྨོན་ལམ་དང་། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཆོག་གྲྭ་སྟོན་འཁོར་ཀྱང་མཇལ་རྗེས། སྐྱབས་རྗེ་དམ་པའི་བླ་བྲང་དུ་བཅར་ཏེ་འབྲེལ་ཡོད་རྣམས་དང་འབྲས་བློ་གླིང་ཕྱག་མཛོད་བཅས་ལ་འཛིན་སྐྱོང་བཀའ་ཤག་གི་ཐུགས་གསོའི་འཚམས་འཕྲིན་དང་མཆོད་འབུལ་དོད་བཅས་ཕུལ་བ་མ་ཟད། ཚོགས་ཡོངས་ལ་གདུང་མཆོད་དངོས་གཞིའི་སྐབས་གསོལ་ཇ་དང་སྐུ་ཡོན་སྒོར་ ༣༠ འབུལ་རྒྱུའི་སྐོར་དང་ས་གནས་འགོ་འཛིན་ལ་ལམ་སྟོན། བཙན་བྱོལ་བོད་གཞུང་ནས་སྐྱབས་རྗེ་དེ་ཉིད་ཀྱི་ཆེད་གསོལ་སྨོན་དང་རྗེས་དྲན་ཞུས་པ་བཅས་སྙན་སྒྲོན་ཞུས་འདུག
སྐབས་དེར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་གོ་སྐབས་དང་བསྟུན་ཕྱི་དྲོའི་ཆུ་ཚོད་ ༣ པའི་ཐོག་གདན་ས་ཆེན་པོ་འབྲས་སྤུངས་བླ་སྤྱིར་དགའ་ལྡན་ཤར་བྱང་དང་། འབྲས་བློ་གླིང་དང་སྒོ་མང་རྭ་སྟོད་བཅས་ཀྱི་མཁན་རིན་པོ་ཆེ་རྣམ་པ། སེར་བྱེས་སྨད་ཀྱི་མཁན་ཚབ་བཅས་ལྷན་བཞུཌ་མོལ་ལྷན་ཚོཌ་བསྡུས་ཙམ་ཚོགས་ཤིང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཁམས་གོང་འཕེལ་སྐོར་དང་། རྗེས་ཟླའི་ཚེས་ ༧ སྐུའི་འཁྲུངས་གཟའ་ཉིན་མགོན་པོ་གང་ཉིད་ཀྱི་ཞབས་རིམ་དུ་ཤེས་རབ་སྙིང་པོ་དང་སྒྲོལ་མ་བཅས་ཉིན་མཚན་འབྲེལ་ཏེ་གསུང་རྒྱུ་གལ་ཆེན་ཡིན་པ། སྔོན་ཆོས་ཚོགས་སྐབས་ཀྱི་གྲོས་ཆོད་ཁག་ཕྱག་ལེན་གནང་བསྡད་སྐོར་སོཌ་གལ་ཆེའི་དོན་གནད་ཁག་གཅིག་སྐོར་སྙན་སྒྲོན་ཞུས་འདུག
ཕྱི་ཚེས་ ༢༡ ས་གནས་ཀྱི་བླ་ཆེན་ཁག་ལ་མཇལ་བཅར་དང་། འབྲས་བློ་གླིང་མཁས་མང་བྱེ་བའི་གླིང་གི་སློབ་གྲྭའི་དགེ་སློབ་རྣམས་ལ་བླང་དོར་ལམ་སྟོན་དགོས་པ་ཕེབས་དོན་ལྟར་ཆུ་ཚོད་གཅིག་རིང་བཀའ་སློབ་དང་དྲི་བ་དྲིས་ལན་བཅས་གནང་། ཉིན་དགུང་གསོལ་ཚིགས་ཉག་རེ་ཁང་ཚན་དང་དགོང་མོའི་གསོལ་ཚིགས་སྒོ་མང་གྲྭ་ཚང་བཅས་ལ་ཕེབས་པ་མ་ཟད། སྔ་རྗེས་སུ་གྲྭ་ཚང་ཁག་གི་ཕྱག་གཉེར་མཇལ་འཕྲད་ཕེབས་མཁན་རྣམས་ལ་ ༢༠༠༨།༣།༡༠ ནས་བཟུང་བོད་མིའི་ཞི་རྒོལ་བྱུང་རིམ་དང་། རྒྱལ་སྤྱིའི་འགྱུར་འགྲོས་བཅས་སྐོར་བཀའ་ཤག་གི་ཆབ་སྲིད་ལམ་སྟོན་དང་འབྲེལ་བའི་གསལ་བསྒྲཌ་གལ་ཆེའི་དེབ་ཆུང་དང་། སྒྲུབ་ཕྱོཌ་ཀྱི་ལས་འགུལ་སྤེལ་ཕྱོཌ་སྐོར་དཔེེ་མཚོན་གྱི་ཡིག་ཆུང་བཅས་ཕུལ་ཏེ་དྭོཌ་འདྲི་ཁག་ལ་ལན་འདེབས་གནང་འདུག
ཕྱི་ཚེས་ ༢༢ ཉིན་མོན་གྷོ་ནས་རིམ་བཞིན་ཧུབ་ལི་དང་དེ་ནས་མུམ་བཡིེ་བརྒྱུད་ཕྱི་དྲོའི་ཆུ་ཚོད་ ༤།༣༠ ལྡི་ལིར་ཐོན་འབྱོར་གྱིས་དོན་གཅོད་ཁང་དུ་བཞུགས། ཚེས་ ༢༣ ཉིན་ལྡི་ལི་ནས་གནམ་ཐང་དང་དེ་ནས་ཕྱི་དྲོའི་ཆུ་ཚོད་ ༤།༣༠ རྡ་ས་གྷ་གྷལ་གནམ་ཐང་དང་རིམ་བཞིན་གངས་སྐྱིད་དུ་ཕེབས་འབྱོར་གནང་བའི་གསར་གནས་སུ།།