ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །བོད་རྒྱལ་ལོ་ ༢༡༣༥ བོད་ཟླ་ ༨ ཚེས་ ༢༧ ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༤༨ འཁོར་བའི་དུས་ཆེན་གྱི་མཛད་སྒོར་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་མངའ་བདག་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་གྱིས་༸ཞབས་སོར་འཁོད་སྐབས་དཔལ་ལྡན་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག བོད་ཁྱིམ་སྤྱི་ཁྱབ་ངེས་སྟོན་པ་ཟུར་པ་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་བཅས་ནས་ཕེབས་བསུ་ཞུ་སྐབས་འཛིན་རིམ་དྲུག་པ་ཡན་གྱི་སློབ་ཕྲུག་རྣམས་རྩེད་ཐང་དུ་འཛོམས་ཏེ་བཀྲ་ཤིས་པའི་གླུ་གཞས་ཕུལ་ཏེ་༸གོང་ས་མཆོག་བཞུགས་ཁྲི་རིན་པོ་ཆེ་བར་གདན་དྲངས།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲིར་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ཚེ་དབང་ཡེ་ཤེས་ལགས། འགན་འཛིན་རྣམ་པ། སྤྱི་ཁྱབ་རྒན་བདག་བཅས་ནས་གུས་བསུའི་མཇལ་དར་ཕུལ།
དེ་ནས་འདི་ལོ་ཕྱི་ཟླ་ ༣ ཚེས་ ༡༠ ནས་བཟུང་བོད་ཀྱི་ཆོལ་གསུམ་ཁྱོན་ཡོངས་སུ་ཞི་བའི་སྒེར་ལངས་བྱས་པར་རྒྱ་དམར་གཞུང་ནས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་དྲག་ནོན་བྱས་ཏེ་མི་མང་པོ་ཞིག་དམར་གསོད་གཏང་བ་དང། དེ་ལས་མང་བར་
རྨས་སྐྱོན། དེ་ལས་ཆེས་མང་བ་བརྩོན་འཇུག་བྱས་ཏེ་ཉིན་མཚན་འཁྱོལ་དཀའ་བའི་དཀའ་སྡུག་འོག་གནས་བཞིན་པའི་རྒྱལ་བཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་ཚང་མ་སྐུ་བཞེངས་ཐོག་ཐུགས་སྨོན་དང་འབྲེལ་བའི་མྱ་ངན་གུས་འདུད་དང་ངག་བཅད་སྐར་མ་གཅིག་གནང་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱ་གར་གྱི་རྒྱལ་གླུ་གཏང།
དེ་ནས་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ཚེ་དབང་ཡེ་ཤེས་ལགས་ནས་བོད་ཕྲུག་ཁྱིམ་སྡེའི་དབུ་འཛུགས་ཀྱི་བྱུང་རིམ་དང་ལས་བསྡོམས་ཁག་སྙན་སྒྲོན་ཞུས་རྗེས། དཔལ་ལྡན་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་ནས་གསུང་བཤད་གནང་།
དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སློབ་ཕྲུག་ཚོས་དེང་དུས་ཀྱི་ཤེས་ཡོན་ཐོག་ཤུགས་སྣོན་རྒྱག་དགོས་པ་དང་ཆབས་ཅིག་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཡང་སྦྱོང་དགོས་པ་དང་། ཚོགས་ལ་ཉེ་བའི་དམིགས་བསལ་ཚོགས་ཆེན་གནང་ཕྱོགས་ཐོག་ལ་ལམ་སྟོན། མགོན་པོ་གང་ཉིད་ཀྱི་སྐུ་ཁམས་གསལ་ཐང་ཡིན་སྐོར་སོགས་བཀའ་སློབ་བཀའ་དྲིན་སྩལ་གྲུབ་རྗེས། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ནས་བོད་ཁྱིམ་ལས་བྱེད་ཞབས་ལོ་ཉི་ཤུ་ཟིན་པ་རྣམས་དང་། ཕྱི་ལོ་ ༢༠༠༨ ནང་བོད་ཁྱིམ་སློབ་གྲྭ་ཁག་གི་འཛིན་རིམ་ལྔ་པ་དང་། བརྒྱད་པ། རྒྱལ་ཡོངས་འཛིན་རིམ་བཅུ་པ་དང་བཅུ་གཉིས་བཅས་ཀྱི་ནང་ཨང་རིམ་སོན་པ་ཁགརྡ་སྟེང་བོད་ཁྱིམ་ཁོངས་ཤེས་སྤྱོད་གཉིས་ལྡན་གྱི་སློབ་མ་རྩེ་ཕུད་གཉིས་ལ་རང་ གཞུང་ཤེས་རིག་ལས་ཁུངས་ཀྱི་གཟེངས་རྟགས་ཕྱག་འཁྱེར་གསོལ་རས་གནང་། དེ་རྗེས་བོད་ཁྱིམ་སློབ་ཕྲུག་རྣམས་ནས་མཁྱེན་པའི་ཡེ་ཤེས་ཀྱི་གླུ་གཞས་དང་། རིག་གཞུང་གི་གཞས་སྣ་ཁག་གཟིགས་འབུལ་ཞུས། དེ་རྗེས་སློབ་གྲྭ་ཆེ་འབྲིང་གཉིས་ཀྱི་སློབ་ཕྲུག་རྣམས་ནས་མཉེན་སྩལ་ལུས་སྦྱོང་འདྲ་མིན་གཟིགས་འབུལ་ཞུས་རྗེས་རྡ་སྟེང་བོད་ཁྱིམ་དབུ་འཛིན་ནས་མཇུག་བསྡོམས་ ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།
སྐབས་དེའི་མཛད་སྒོར་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། རང་གཞུང་བཀའ་ཤག་གི་བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ་དང་། འགན་འཛིན་རྣམ་པ། དེ་བཞིན་བོད་ཁྱིམ་འབྲེལ་ཡོད་ཀྱི་ཕྱི་རྒྱལ་བ་སྦྱིན་བདག་སྐུ་མགྲོན་ཁག་མང་པོ་བཅར་ཡོད་པ་རེད་འདུག