ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡༧
བོད་མི་རྣམས་ལ་དྲང་བདེན་མིན་པའི་ཁྲིམས་ཐག་མུ་མཐུད་གཅོད་བཞིན་པ།
༄༅། །ཉེ་བའི་ཟླ་གཅིག་ལྷག་རིང་གི་ཁུངས་ལྡན་གནས་ཚུལ་འདི་གར་འབྱོར་བ་ལྟར་ན། བོད་ལྗོངས་ཆབ་མདོ་ས་ཁུལ་མི་དམངས་ཁྲིམས་ཁང་ནས་ཕྱི་ཟླ་ ༩ ཚེས་ ༢༣ ཉིན་གོ་འཇོ་ཐང་སྐྱ་དགོན་པའི་གྲྭ་འགྱུར་མེད་དོན་གྲུབ་(རང་ལོ་ ༢༨)ལ་ཚེ་བཙོན་དང་། བཤད་གྲྭའི་སྐྱོར་དཔོན་རྡོ་རྗེ་དབང་རྒྱལ་(རང་ལོ་ ༣༡)ལ་ལོ་ ༡༥ ཀུན་བཟང་བསྟན་འཛིན་(རང་ལོ་ ༢༠)ལ་ལོ་ ༡༥ ཀུན་དགའ་ཕུན་ཚོགས་(རང་ལོ་ ༡༩)ལ་ལོ་ ༡༠ ཚེ་རིང་ཉི་མ་(རང་ལོ་ ༡༧)ལ་ལོ་ ༡༠ འཕྲིན་ལས་དབང་རྒྱལ་(རང་ལོ་ ༢༡)ལ་ལོ་ ༥ རིན་ཆེན་རྒྱལ་མཚན་(རང་ལོ་ ༢༨)ལ་ལོ་ ༡༠ ཚེ་དབང་ཡེ་ཤེས་(རང་ལོ་ ༢༠)ལ་ལོ་ ༩ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཁོང་རྣམས་ནི་ད་ལོ་ཕྱི་ཟླ་ ༣ ཚེས་ ༢༢ ནམ་གུང་གོ་འཇོ་རྫོང་སྐྱ་འབལ་ཤང་གི་ཁང་སྟོང་ཞིག་ནང་ས་རྡོ་གཏོར་བྱེད་ཀྱི་འབར་གས་གཡུག་མཁན་ཡིན་པའི་ནག་ཉེས་བཙུགས་ཡོད་འདུག
རྒྱ་གཞུང་ནས་ཐོག་མར་གྲྭ་པ་ཁག་གི་ལག་རིས་སོགས་ཀམ་པུའུ་ཊར་ནས་ཞིབ་མཇུག་གིས་མི་སུ་ཡིན་མཐིལ་བརྟོལ་རྒྱུ་ཡིན་ཚུལ་བཤད་ཡོད་འདུག་ཀྱང་མཐའ་མ་དེ་ལྟའི་ཁུངས་སྐྱེལ་དཔང་རྟགས་དང་། དྲང་བདེན་གྱི་ཁྲིམས་བཤེར་གང་ཡང་མ་བྱས་པར་ཁྲིམས་ཐག་བཅད་ཡོད་འདུག ད་དུང་རྒྱལ་སྤྱིའི་གསར་ལམ་ཁག་ནས་ཐོན་གསལ་ལྟར་ན་གྲྭ་སྐལ་བཟང་ཚེ་རིང་ཞེས་པ་ལའང་ཚེ་བཙོན་བྱས་ཡོད་ཚུལ་འདུག
ཡང་ཕྱི་ཟླ་ ༩ ཚེས་ ༢༣ ཉིན་མདོ་སྨད་རྔ་པ་ཁུལ་མཛོད་དགེ་རྫོང་ནས་ཐང་སྐོར་ཤང་། ཐང་སྐོར་རུ་ཁག་གཉིས་པའི་མི་སྐྱ་བ་ཀུ་ལ་ཞེས་པ་དེར་ལོ་ ༡ དང་ཟླ་ ༢ གཉིས་ཀྱི་ཁྲིམས་ཐག་བཅད་དེ་ཕྱི་ཚེས་ ༢༤ ཉིན་ཁྲིའུ་ཏུའུ་ཕྱོགས་ཀྱི་ངལ་རྩོལ་བསྒྱུར་བཀོད་ཁང་ཞིག་ལ་ཁྲིད་ཡོད་འདུག
ཡང་ཕྱི་ཟླ་ ༩ ཚེས་ ༡༣ ཉིན་སྨར་ཁམས་རྫོང་མི་དམངས་ཁྲིམས་ཁང་ནས་ཁ་སྔོན་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་མཁན་པ་ལུང་པ་དགོན་པའི་གྲྭ་བྱམས་འགྲུབ་ལ་ཁྲིམས་ཐག་ལོ་ ༤ དང་། བསྟན་པ་རྒྱལ་མཚན་དང་། འཇམ་དབྱངས་བློ་གྲོས། ཀུན་དབྱངས་གསུམ་ལ་ལོ་ ༣ རེའི་ཁྲིམས་ཐག་བཅད་དེ་ཀོང་པོ་ཕྱོགས་སུ་ཁྲིད་ནས་བཙོན་འཇུག་བྱ་འཆར་ཡིན་འདུག
དེ་མཚུངས་ ༢༠༠༨ ཟླ་ ༥ ཚེས་ ༡༤ ཉིན་སྨར་ཁམས་རྫོང་འོད་ཟེར་དགོན་ནས་ཨོ་ལམ་པིག་རྩེད་ཚོགས་ལ་འགོག་རྐྱེན་དང་། རྒྱལ་ཁབ་ཀྱི་གཏན་ལྷིང་ལ་གནོད་སྐྱོན་གྱི་བསྙོན་འཛུགས་འོག་གྲྭ་པ་ན་གཞོན་ ༢༢ ཙམ་འཛིན་བཟུང་བཀག་ཉར་བྱས་ཁོངས་ནས་གྲྭ་བསྟན་འཛིན་ཚངས་པ་(རང་ལོ་ ༡༩)ལ་ལོ་ ༤ དང་། བློ་བཟང་རྒྱ་མཚོ་(རང་ལོ་ ༡༩)ལ་ལོ་ ༥ བསྟན་འཕེལ་ལ་ལོ་ ༨ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
ཁ་སྔོན་ནས་འཛིན་བཟུང་བྱས་པའི་རྔ་པ་ཁུལ་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་གྲྭ་དཀོན་མཆོག་བཟང་པོ་(རང་ལོ་ ༡༧)དང་། དཀོན་མཆོག་བཟོད་པ་(རང་ལོ་ ༡༧)གཉིས་དང་། འབྲིང་བ་སུམ་དགོན་གྱི་གྲྭ་མཐའ་ཡས་(རང་ལོ་ ༡༧)བཅས་ལ་ཁྲིམས་ཐག་གཅོད་རྒྱུར་ལོ་བཅོ་བརྒྱད་མ་ལོན་སྟབས་ལོ་གཅིག་དང་ཕྱེད་རིང་ངལ་རྩོལ་སློབ་ཅུན་ཟེར་བའི་ཐག་བཅད་དེ་མེན་ཡང་ཞེས་པའི་སི་ཁྲོན་གྱི་ས་གནས་གཞན་ཞིག་ཏུ་ལས་ཀར་བཏང་ཡོད་འདུག
རྔ་པ་ཁུལ་རྐ་ཁོག་རྫོང་(ཧོང་ཡན)བཀག་ཉར་ཁང་ཞིག་ནས་སྤྲོ་ཚིགས་དགོན་གྱི་གྲྭ་སྐལ་བརྩོན་(རང་ལོ་ ༢༣)ལ་ལོ་ ༢ དང་། རབ་བརྟན་(རང་ལོ་ ༡༨)དང་། ཐུབ་པ་སྐྱབས།(རང་ལོ་ ༢༠) ཚེ་ཕུལ།(རང་ལོ་ ༢༦) ཚུལ་ཁྲིམས།(རང་ལོ་ ༢༦) བསྟན་འཛིན་ཚེ་པོ་(རང་ལོ་ ༢༠)བཅས་ལ་ལོ་ ༡ དང་ཟླ་ ༩ རེའི་ངལ་རྩོལ་སློབ་གཅུན་ཟེར་བའི་ལོ་ཐག་བཅད་དེ། དགེ་འདུན་པ་དྲུག་ནི་ཤང་སྲིད་གཞུང་ཡང་སྟེང་གི་དར་དམར་ཕབ་སྐབས་སྣེ་ཁྲིད་མཁན་གྱི་གཙོ་བོ་ཡིན་སྐོར་གྱི་ཉེས་འཛུགས་བྱས་ཡོད་འདུག
ཕྱི་ཟླ་ ༩ ཚེས་ ༡༤ ཡས་མས་སུ་དཀར་མཛེས་ཁུལ་བྲག་འགོ་བཙུན་དགོན་བསམ་གཏན་གླིང་གི་བཙུན་མ་ཚེ་རིང་མཚོ་(རང་ལོ་ ༢༧)དང་། ཨོ་རྒྱན་ལྷ་མོ་(རང་ལོ་ ༣༤)སྤུན་གཉིས་ལ་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༨ ཉིན་གྱི་ཞི་རྒོལ་གྱི་སྣེ་ཁྲིད་མཁན་དང་། རྒྱལ་ཁབ་ཁ་བྲལ་གཏོང་མཁན་ཡིན་པའི་ནག་ཉེས་བཙུགས་ཏེ་ཡོངས་གྲགས་མིན་པའི་ཐོག་ལོ་ ༢ རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག
གོང་གསལ་གནས་ཚུལ་རྣམས་ནི་འདིར་འབྲེལ་ཡོད་ཁག་ནས་མཁོ་སྤྲོད་གནང་བ་དང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ནས་ཐོན་པ་རྣམས་ཟུར་འདོན་བྱས་པ་ཡིན་པས། ད་ལྟ་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་ཧ་ཅང་དམ་དྲག་དང་འཇིགས་སྐུལ་བྱེད་བཞིན་ཡོད་པ་ཧ་ཅང་གསལ་པོ་རེད། བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས། ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡༧ ལ།།
ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ། ང་ཚོས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་གཤམ་གསལ་ཛ་དྲག་གི་རེ་འབོད་ཞུ་བཞིན་ཡོད།
- བོད་ཡོངས་སུ་རྒྱལ་སྤྱིའི་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་པ་ཁག་འཕྲལ་དུ་གཏོང་དགོས་པ།
- རིས་སུ་མ་ཆད་པའི་གསར་འགོད་པ་རྣམས་བོད་ས་ཡོངས་སུ་གཏོང་དགོས་པ།
- བོད་ས་ཡོངས་སུ་དྲག་གནོན་གསོད་བརྡུང་གི་སྦྱོར་ངན་འཕྲལ་དུ་མཚམས་འཇོག་དགོས་པ།
- འཛིན་བཟུང་དང་བཙོན་འཇུག་བྱས་པའི་བཙོན་པ་ཡོངས་འཕྲལ་དུ་གློད་དགོས་པ།
- བོད་མིའི་ཐོག་དྲང་བདེན་མིན་པའི་ཁྲིམས་ཐག་གཅོད་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ།