ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །བོད་གཞུང་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་ནས་ཕྱི་ཟླ་ ༡༠ ཚེས་ ༡༡ རེས་གཟའ་སྤེན་པའི་དགོང་དྲོ་སི་ཌེ་ནིའི་ནང་རྟེན་གཞི་བྱས་པའི་བོད་མི་ཚོ་དང་མཇལ་འཕྲད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གྱི་རྒྱ་འབོད་གཉིས་ཀྱི་འབྲེལ་མོལ་སྐོར་དང་། ཕྱི་ཟླ་ ༡༡ ནང་དམིགས་བསལ་ཚོགས་ཆེན་གྱི་སྐོར་འགྲེལ་བརྗོད་གནང་བ་དང་། བོད་མི་ཚོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་དབུ་མའི་ཐོག་འབད་རྩོལ་བྱེད་དགོས་པའི་གསུང་བཤད་ཀྱང་གནང་ཡོད་པ་རེད།
ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡༣ དང་ ༡༤ ཉིན་ཕྱི་དྲིལ་བཀའ་བློན་མཆོག་ནས་ཨོ་སི་ཊོ་ཡའི་གྲོས་ཚོགས་ཀྱི་ཕྱི་སྲིད་དང་། ཚོང་འབྲེལ། བདེ་སྲུང་བཅས་ཀྱི་སྡེ་ཚན་གྱི་ཚོགས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཅས་དང་མཇལ་འཕྲད་གནང་ནས་ཁོང་རྣམ་པར་ད་ལྟའི་བོད་ནང་གི་གནད་དོན་འགྲེལ་བརྗོད་གནང་བ་དང་འབྲེལ་ཨོ་སེ་ཊོ་ལི་ཡའི་གྲོས་ཚོགས་ནས་བོད་ནང་སྐུ་ཚབ་གཏོང་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད།
ཕྱི་དྲིལ་བཀའ་བློན་མཆོག་ནས་ཚོགས་མི་རྣམས་ལ་རྒྱ་ནག་གཞུང་ཕྱོགས་ནས་འདི་ལོའི་ཕྱི་ཟླ་ ༣ ནས་བཟུང་བོད་ནང་རྒྱལ་གཅེས་ཆོས་གཅེས་ཞེས་པའི་བསམ་བློའི་སློབ་གསོའི་ལས་འགུལ་སྤེལ་བཞིན་པ་དང་། བྱ་སྤྱོད་གསར་པའི་ཐོག་ནས་བོད་ནང་དམ་བསྒྲགས་བྱེད་བཞིན་པ། བོད་ནང་དུ་འཇིགས་སྐུལ་མུ་མཐུད་གནས་བཞིན་ཡོད་པ་སོགས་བོད་ཀྱི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་ཐོག་ལ་འགྲེལ་བརྗོད་གནང་ཡོད་པ་རེད། དེས་མ་ཟད་བཀའ་བློན་མཆོག་གིས་ཚོགས་མི་རྣམ་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པ་དང་རྒྱ་ནག་དབར་གྱི་ཡོང་རྒྱུ་བསྡད་པའི་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐོར་ལ་འགྲེལ་བརྗོད་གནང་ཡོད་པ་དང་། ཚོགས་མི་རྣམ་པའི་དྲི་བ་ཁག་ལ་བཀའ་ལན་ཡང་གནང་ཡོད་པ་རེད།
དེ་ཉིན་ཕྱི་དྲོ་ལྗང་ཁུ་ཚོགས་པའི་དབུ་ཁྲིད་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་བོབ་བོ་རོན་(Green Party leader Senator Bob Brown) མཆོག་ནས་བཀའ་བློན་མཆོག་ལ་ཕེབས་བསུའི་གསོལ་སྟོན་བཤམས་ཡོད་པ་དང་། ལྗང་ཁུ་ཚོགས་པའི་འཐུས་མི་ལྔ་ཙམ་དབུས་ཨོ་སི་ཊོ་ལི་ཡའི་བོད་གཞུང་སྐུ་ཚབ་དོན་གཅོད་ཨ་རི་ཤཱ་བསྟན་འཛིན་ཕུན་ཚོགས་ལགས་དང་། སྐུ་ཚབ་དོན་ཁང་གི་ལས་བྱེད་དངོས་གྲུབ་ཕུན་ཚོགས་ལགས། ཨོོ་སི་ཊོ་ལི་ཡའི་བོད་རིགས་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་པོལ་བོ་རོཀ་དང་སི་མོན་བ་རཌེ་ཤའོ་(Paul Bourke and Simon Bradshaw of the Australia Tibet Council)བཅས་བཀའ་བློན་མཆོག་གི་ཕེབས་བསུའི་གསོལ་སྟོན་ཐོག་བཅར་ཡོད་འདུག
ལྗང་ཁུ་ཚོགས་པའི་དབུ་ཁྲིད་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་བོབ་བོ་རོན་མཆོག་ནི་ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་མ་ཟད། ཁོང་གིས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་འཛུགས་རྒྱུའི་སླད་ལོ་མང་སྐུ་ངལ་འཛེམས་མེད་ཀྱིས་འབད་རྩོལ་ཡང་གནང་ཡོད་པ་རེད།
ཕྱི་ཚེས་ ༡༤ ཉིན་ཕྱི་དྲིལ་བཀའ་བློན་མཆོག་ནས་ཨོ་སེ་ཊོ་ལི་ཡའི་གསར་འགོད་པ་ཚོ་མཇལ་འཕྲད་གནང་ནས་གསར་འགོད་པ་ཚོའི་བཅར་འདྲི་ཁག་ལ་བཀའ་ལན་གནང་ཡོད་པ་རེད། དེ་ནས་ཉིན་རྒྱབ་བཀའ་བློན་མཆོག་ནས་ཕྱོགས་འགལ་ཚོགས་པའི་ཕྱི་སྲིད་བློན་ཆེན་(Shadow Foreign Minister)དང་། ཨོ་སི་ཊོ་ལི་ཡའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ཚོགས་མི་བགྲེས་པ་ཚོ་(Senior Staff from Amnesty International Australia)དང་མཇལ་འཕྲད་གནང་ཡོད་པ་རེད། ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མ་ཀལ་ཌན་བལ་(Hon Micheal Danby, Chairmanship of All Party Parliamentary Group for Tibet)མཆོོག་ནས་གྲོས་ཚོགས་སུ་བཀའ་བློན་མཆོག་ལ་གྲོས་ཚོགས་ཀྱི་ངོས་ནས་ཕེབས་བསུའི་གསོལ་སྟོན་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པར་གྲོས་ཚོགས་ཀྱི་ཚོགས་པ་ཚང་མའི་འཐུས་མི་ལྷན་བཞུགས་གནང་རྒྱུ་ཡིན་འདུགཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་ཨོ་སི་ཊོ་ལི་ཡའི་ནང་གི་མཛད་འཆར་ཁག་འགྲུབ་རྗེས་ནིའུ་ཛི་ལན་ཌེར་ཕེབས་ཐོན་གནང་རྒྱུ་ཡིན་པ་བཅས།།