ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༤ རེས་གཟའ་སྤེན་པ།
༄༅། །ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༤ རེས་གཟའ་སྤེན་པ་ཉིན་གནས་ཚུལ་གནང་འབྱོར་ནང་གསལ་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་རྒྱལ་ཡོངས་དགེ་རྒན་གྱི་དུས་ཆེན་ཉིན་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་བོད་རིགས་སློབ་དགེ་གཉིས་ལ་ཕྱི་ལོ་ ༢༠༠༧ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་དགེ་རྒན་གཟེངས་རྟགས་ཐོབ་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ཟླ ༩ ཚེས་ ༥ ཉིན་རྒྱ་གར་གི་རྒྱལ་ས་ལྡི་ལིར་རྒྱ་གར་རྒྱལ་ཡོངས་དགེ་རྒན་གྱི་དུས་ཆེན་ཉིན་རྒྱ་གར་རྒྱལ་ཡོངས་ཀྱི་དགེ་རྒན་ཁྱོན་བསྡོམས་ ༣༢༠ ལ་རྒྱ་གར་གཞུང་འབྲེལ་གྱི་དགེ་རྒན་གྱི་གཟེངས་རྟགས་གནང་ཡོད་ཅིང་། དེའི་ཁོངས་བོད་མིའི་སློབ་གྲྭའི་བོད་རིགས་སློབ་དགེ་གཉིས་ལའང་གཟེངས་རྟགས་དེ་ཐོབ་ཡོད་པ་རེད།
བཙན་བྱོལ་བོད་མིའི་སློབ་གྲྭའི་ཁོངས་ནས་སིམ་ལ་གཏན་སློབ་ཀྱི་རྩིས་རིག་སློབ་དགེ་པདྨ་རྒྱལ་མཚན་ལགས་དང་། རྡོ་རྗེ་གླིང་ནང་ཡོད་སོ་ནཱ་དཱ་དབུས་བོད་མིའི་གཏན་སློབ་ཀྱི་སློབ་ཆུང་སློབ་དགེ་གཡུ་ལོ་སྒྲོལ་མ་ལགས་གཉིས་ལ་རྒྱ་གར་གཞུང་གི་སྲིད་འཛིན་ལྕམ་སྐུ་པྲཏི་སྦ་པ་ཊིལ་ (Pratibha Patil) མཆོག་གིས་གཟེངས་བསྟོད་གནང་ཡོད་པ་རེད། བྱ་དགའི་ཁོངས་སུ་དངུལ་གྱི་རྟགས་མ་དང་། གཟེངས་བསྟོད་ཕྱག་འཁྱེར། ཧིན་སྒོར་ ༢༥༠༠༠ བཅས་གནང་ཡོད་པ་རེད།
རྒྱ་གར་རྒྱལ་ཡོངས་ཀྱི་དགེ་རྒན་གཟེངས་བསྟོད་བྱ་དགའ་འདི་བཞིན་ཕྱི་ལོ་ ༡༩༥༨ ལོར་འགོ་འཛུགས་ཞུས་ཡོད་པ་རེད། དེ་ཡང་རྒྱ་གར་གྱི་སྲིད་འཛིན་ཟུར་པ་མཁས་པའི་དབང་པོ་ཌོག་ཊར་ར་རྡ་ཀྲིཤཱི་ནཱ་(Dr.Radhakrishnan)མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོར་དགེ་རྒན་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད།།