ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །དད་ལྡན་སིང་གྷ་པུར་མི་མང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་བཀའ་བཞེས་ཟབ་མོ་སྤྱི་བོར་སྨིན་སྩལ་བྱུང་བ་ལྟར། བོད་རྒྱལ་ལོ་ ༢༡༣༥ ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༢༥ ནས་ཚེས་ ༢༧ བར་ཉིན་གྲངས་གསུམ་རིང་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུང་ཆོས་བཀའ་དྲིན་ཆེ་བ་སྩལ་གནང་མཛད་ཡོད། དེ་ཡང་ཉིན་དང་པོ་སྔ་དྲོ་ཆུ་ཚོད་ ༩།༠༠ པ་ཡོལ་ཙམ་ལ་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱན་རྒྱ་སྤོས་སྣེས་སྔོན་བསུས་ཐོག་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་རྗེས་ཐའེ་ལན་ཌེའི་དགེ་འདུན་པ་བདུན་ནས་ཐའེ་ལན་ཌིའི་ཆོས་ཕྱོགས་ཀྱི་ཞལ་འདོན་འདོན་སྐུལ་གནང་གྲུབ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དད་ལྡན་ཆོས་ཞུ་བ་ཚོར་གསུང་ཆོས་ཀྱི་སྔོན་འགྲོའི་བཀའ་སློབ་ཕེབས་ཡོད་པའི་ནང་། འཛམ་གླིང་གོ་ལ་ཧྲིལ་པོའི་སྟེང་འཚོ་གནས་བྱེད་བཞིན་པའི་འགྲོ་བ་ཀུན་ལ་གཞན་ཕན་གྱི་བསམ་བློ་ཞིག་ངེས་པར་དུ་དགོས་ཚུལ་དང་། དེ་བཞིན་འགྲོ་བ་མིའི་ཀུན་སྤྱོད་སོགས་ཀྱི་སྐོར་ལ་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་གྲུབ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་བསྡུས་དོན་དང་འབྲེལ་བའི་སྔོན་འགྲོའི་ཆོས་འཁོར་བཀའ་དྲིན་བསྐྱངས། ཕྱི་ཟླ་ ༩ ཚེས་ ༢༦ ནས་བཟུང་བྱང་ཆུབ་ལམ་རིམ་བསྡུས་དོན་གྱི་ཆོས་འཁོར་བཀའ་དྲིན་བསྐྱངས་གྲུབ་རྗེས་ཕྱི་ཚེས་ ༢༧ སྔ་དྲོའི་ཆོས་ཐུན་ཐོག་སྤྱན་རས་གཟིགས་ཀྱི་རྗེས་གནང་དང་། བྱང་ཆུབ་སེམས་དཔའི་སྡོམ་པ། དགེ་བསྙེན་གྱི་སྡོམ་པ། མ་ཌྷི་ཡིག་དྲུག་གི་ལྗགས་ལུང་སོགས་སྩལ། ཉིན་དེའི་ཕྱེད་ཡོལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་སིང་གྷ་པུར་སོགས་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐད་ཀར་དྲི་བ་དྲིས་ལན་ཕུལ་བར་མགོན་པོ་གང་ཉིད་ནས་ཐུགས་དགྱེས་མཉེས་ཆེན་པོའི་ཐོག་ནས་དོགས་དྲི་ཁག་ལ་བཀའ་ལན་གནང་བ་སོགས་སྙིགས་མའི་དུས་འདིར་སེམས་ཅན་སོ་སོའི་མོས་པ་དང་མཐུན་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེ་སྐོར་གནང་མཛད་ཡོད་པ་རེད།
ཐེངས་འདིའི་གསུང་ཆོས་སུ་ཨ་རི་དང་། ཨོ་སེ་ཊོ་ལི་ཡ། ཁེ་ཌྷ་ཌ། ཨེ་ཛེ་རལ། བེ་ཀྲེ་ཤི། ཇར་མན། སེ་པན། ཨི་ཌ་ལི། པོ་ལན་ཌི། ཇར་པན། ལྷོ་ཀོ་རི་ཡ། ཐེ་ཝན་སོགས་ཕྱིའི་རྒྱལ་ཁབ་ཁག་བཞི་བཅུ་ཙམ་ནས་དད་ལྡན་ཆོས་ཞུ་བ་མི་གྲངས་ ༡༠༨༨ དང་། རྡ་སའི་ཉེ་འཁོར་གྲྭ་བཙུན་དང་ཕྱོགས་མཐའ་ཁག་ནས་ཆོས་ཞུ་བ་གྲངས་ ༡༢༣༤ བཅས་ཁྱོན་བསྡོམས་མི་གྲངས་ ༤༠༠༠ བརྒལ་བ་ཆོས་ཞུར་བཅར་ཡོད་འདུག