ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །བོད་གངས་ཅན་ལྗོངས་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་། བྱེ་བྲག་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཆེད་དད་འདུན་གཡོ་བ་མེད་པའི་ནང་ཆེན་ཉེར་ལྔའི་གཞིས་བྱེས་སེར་སྐྱ་མི་མང་སྤྱི་མགྲིན་ནས་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་བཀའ་བཞེས་ཟབ་མོ་སྨིན་སྩལ་བྱུང་བ་བཞིན། སྐུ་བཅར་རྣམ་གྲྭའི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོ་ནས་སྐུའི་ཚེ་སྒྲུབ་གསུང་ཆོག་ཉིན་བཅུ་རིང་སྔ་དྲོ་སྒྲུབ་གནད་སྔོན་དུ་སོང་བ་བཞིན། བོད་རྒྱལ་ལོ་ ༢༡༣༥ ས་བྱི་བོད་ཟླ་ ༧ ཚེས་ ༢༩ ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༩ ཚེས་ ༢༨ རེས་གཟའ་ཉི་མའི་སྔ་དྲོ་ཆུ་ཚོད་ ༨།༠༠ པ་ཡོལ་ཙམ་ཐོག་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱན་རྒྱ་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲི་རིན་པོ་ཆེར༸ཞབས་སོར་འཁོད་མཚམས་བརྟན་བཞུགས་སློབ་དཔོན་བག་ཡོད་རིན་པོ་ཆེ་ནས་དཀར་གཙང་མཇལ་དར་རྐྱང་འབུལ་ཞུས་པ་དང་སྦྲགས་སྐུ་བཅར་རྣམ་གྲྭ་དབུ་མཛད་ནས་ཞལ་འདོན་རྒྱུན་ཆགས་གསུམ་པ་དང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་སོགས་རིམ་པས་གསུང་སྐབས་གསོལ་ཇ་དང་། འབྲས་བསིལ་རིམ་པས་འདེགས་འབུལ་ཞུས། བརྟན་བཞུགས་དངོས་གཞི་སློབ་དཔོན་ལྷར་བསྐྱེད་མཐར་མཆོད་ཕྲེང་། བསྟོད་པ། བཟླས་པ་བཅས་སྔོན་དུ་སོང་སྟེ་བཟང་སྤྱོད་གསུངས་གྲུབ་རྗེས་དབུ་བཞུགས་སློབ་དཔོན་བག་ཡོད་རིན་པོ་ཆེ་ནས་གསོལ་འདེབས་མལ་ཚོམ་བུ་འདེགས་འབུལ་ཞུས། རིམ་བཞིན་སྐུ་རྟེན། གསུང་རྟེན། ཐུགས་རྟེན། བུམ་པ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ། སྣ་བདུན། རྟགས་བརྒྱད། རྫས་བརྒྱད་བཅས་ཚིག་བསྟུན་གྱིས་འདེགས་འབུལ་དང་མཇལ་ཞུས། གཡུལ་རྒོད་དང་། དབོན་སྤྲུལ། ཨ་བོ་བཅས་ནས་མལ་རྟེན་གསུམ་འདེགས་འབུལ་ཞུས། འབུལ་དངོས་རྣམས་སྤྱན་བསྟར་ཞུ་སྐབས་གསོལ་འདེབས་༸རྒྱལ་བའི་ཞབས་བརྟན་སོགས་འདོན་སྐུལ་གནང་།
དེ་ནས་རིམ་བཞིན་ཚོགས་འཁོར་སྐུ་འགྱེད་ཁག་ཕུལ་གྲུབ་རྗེས་གཏང་རག་མཎྜལ་སྐབས་བྲའུ་དཔོན་མཁྱེན་རབ་ནས་མཎྜལརྟེན་གསུམ་འདེགས་འབུལ་ཞུས་ཐོག་འཐུས་མི་མི་གྲངས་ ༡༠ རྣམས་ལ་མཇལ་ཕྱག་གྲུབ་པ་དང་སྦྲགས་༸གོང་ས་མཆོག་ནས་བཀའ་སློབ་ཕེབས་དོན། ཀརྨ་པ་རིན་པོ་ཆེ་དབུ་བཞུགས་ཐོག་བག་ཡོད་རིན་པོ་ཆེ་དང་བཅས་ནང་ཆེན་ཉེར་ལྔའི་གཞིས་བྱེས་སེར་སྐྱ་མི་མང་ཐུན་མོང་ནས་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་དུས་ཚོད་གཉན་འཕྲང་ཅན་འདིའི་སྐབས་གཞིས་བྱེས་བོད་མི་ཚང་མས་སོ་སོའི་རིགས་ཞེན་དང་། བསྟན་པ་ལ་གུས་ཞེན། བོད་སྤྱི་པའི་སྤྱི་སེམས་དང་ལྷག་བསམ་བོད་ཀྱི་ལོ་རྒྱུས་ནང་ཕལ་ཆེར་ཤུགས་ཆེ་ཤོས་ཡིན་པ་ལྟ་བུ་རེེད། འགལ་རྐྱེན་ཇི་ཙམ་ཤུགས་ཆེ་བ་དེའི་ཚོད་ཀྱི་སྙིང་སྟོབས། ལྷག་བསམ། ཆིག་སྒྲིལ་བཅས་ཀྱི་བསམ་བློ་དེ་རང་བཞིན་གྱི་ཡོང་རྒྱུ་ཞིག་རེད་ལ། དེ་ཆགས་བསྡད་ཡོད་པ་རེེད། དེ་སྔ་ང་ཚོ་བོད་ནང་རང་རང་སོ་སོའི་ལུང་པའི་ནང་མགོ་འཁོར་ཏེ་བོད་སྤྱིའི་བསམ་བློ་ཡོད་པ་མ་རེད། དེ་ཙམ་གྱི་ཆིག་སྒྲིག་གི་ནུས་པ་ཤུགས་ཆེན་པོ་ཡོད་པ་མ་རེད། ད་ལྟའི་དུས་ཚོད་འདིར་བོད་རྒྱ་ཁྱབ་ཡོངས་རྫོགས་ནང་ཆིག་སྒྲིལ་གྱི་ནུས་པ་ཤུགས་ཆེ་ཐག་ཆོད་ཡོད་པ་འཛམ་གླིང་ཀུན་གསལ་ཆགས་ཡོད་པ་རེད། དེ་ཙམ་དུ་མ་ཟད་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་ཁག་ནང་ལའང་སོ་སོའི་ཕ་མེས་ཀྱི་རིག་གཞུང་དང་བོད་གངས་ཅན་ལྗོངས་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་དེ་དག་གི་བག་ཆགས་གསལ་སྐྱོར་རྒྱག་རྒྱུའི་དུས་ཚོད་ཆགས་བསྡད་ཡོད་པ་རེད། དེ་བཞིན་བོད་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཆེན་པོ་ཧོར་གྱི་ཡུལ་ཁག་ཚོའི་ནང་། དེང་སང་གཞི་ནས་དོ་སྣང་གསར་པ་སླེབས་པའི་དུས་ཚོད་དེ་འདྲ་ཞིག་གི་ནང་སླེབས་ཡོད་པ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་རྐྱེན་ངན་གྲོགས་ཤར་ལྟ་བུ་རེད། དེར་བརྟེན་ང་ཚོ་ཚང་མར་ལྷག་བསམ་འདུན་པ་ཆིག་སྒྲིལ་ཧ་ལས་པ་ཡོད་པ་རེད། ད་དུང་ཡིན་ནའང་ཚང་མས་ཧུར་བསྐྱེད་གནང་རོགས་ཞུ་རྒྱུ་ཡིན། དེ་རིང་གི་བརྟན་བཞུགས་དེ་ནང་ཆེན་ཉེར་ལྔའི་གཞིས་བྱེས་སེར་སྐྱ་མི་མང་ཐུན་མོང་གི་མིང་ཐོག་ནས་གནང་བར་བཀའ་དྲིན་ཆེ། དེ་རིང་ཁྱེད་ཚོས་བརྟན་བཞུགས་ཕུལ་བའི་སྐབས་དེ་ཡང་བར་སྐབས་ངོས་རང་ཕྲན་བུ་གཟུགས་པོ་མ་བདེ་བ་བྱུང་བ་རེད། ད་ལྟ་དྲག་སྐྱེད་བྱུང་ཡོད། དེའི་སྐབས་འདིར་མ་སྒྲིག་ལྷུན་འགྲུབ་ལྟ་བུར་ཁྱེད་ཚོས་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་རེས་ཚང་མར་དམིགས་བསལ་ཞུ་དགོས་པ་གང་ཡང་མེད་ཀྱང་། ད་ལྟའི་དུས་ཚོད་འདིར་ང་ཚོས་ལྷག་བསམ་གྱིས་དྲངས་པའི་འབད་བརྩོན་ག་པར་བྱེད་དགོས་ཀྱི་རེད་དམ་ཞེས་ན། ཤེས་ཡོན་ལ་ཤུགས་རྒྱབ་སྟེ་འབད་བརྩོན་བྱེད་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དགེ་འདུན་པ་རྣམ་པ་ཚོ་ཡིན་ནའང་། རབ་བྱུང་ན་དེང་དུས་ཀྱི་ཤེས་ཡོན་ཡོད་པ་ཞིག་དང་། མིང་རྒྱབ་འཁུར་གྱིས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་ཏུ་རང་རང་སོ་སོའི་དགོས་ཆོས་བསླབ་པ་སློབ་གཉེར་བཤད་སྒྲུབ་ཟུང་དུ་འབྲེལ་བའི་ཐོག་ནས་ལུང་རྟོགས་ཀྱི་བསྟན་པ་རང་རང་སོ་སོའི་ངོས་ནས་འཛིན་སྐྱོངསྤེལ་གསུམ་གནང་ཐུབ་པར་ཐུགས་ཁུར་སྐྱེད་ཀྱི་ཡོད་པ་རེད། ད་དུང་ཡིན་ནའང་ཐུགས་ཁུར་སྐྱེད་རོགས་གནང་ཞུ་རྒྱུ་གཅིག་ཡིན། དེ་ནས་བོད་ཕྱི་ནང་གཉིས་ཀའི་ནང་དེ་སྔ་བཤད་གྲྭ་དར་གསོ་དེ་ཙམ་མེད་པ་ཚོས་ཀྱང་བར་སྐབས་ནས་བཤད་གྲྭའི་ཐོག་དོ་སྣང་གསར་པ་ཞིག་སླེབས་ཀྱི་ཡོད་པ་རེད། དེ་ཡག་པོ་ཞེ་དྲག་རེད་ལ་གལ་ཆེན་པོ་རེད། དེར་བརྟེན་སློབ་གཉེར་གྱི་ཐོག་ཚང་མས་ཤུགས་བསྐྱོན་རོགས་གནང་ཞུ་རྒྱུ་གཅིག་ཡིན། དེའི་རྗེས་འབྲེལ་གྱི་ཁྱིམ་པའི་རྟགས་ཆ་ལུགས་སྤང་། རབ་ཏུ་བྱུང་བའི་རྟགས་ཆ་ལུགས་བཅངས་པའི་རྗེས་ལ་སོ་སོའི་སྒོ་གསུམ་གྱི་སྤྱོད་པ་དེ་ཡང་དེ་ལུགས་ཀྱི་ཁྱད་ཆོས་ཚང་བ་ཞིག་དགོས་རྒྱུ་དེ་ཡང་ཞེ་དྲག་གལ་ཆེན་པོ་རེད། དེ་ཚང་མས་ཐུགས་ལ་བཅངས་རོགས་གནང་ཞུ་རྒྱུ་ཡིན། ཁྱེད་ཚོ་བླ་སྤྲུལ་གཞོན་གཞོན་ཁ་ཤས་འདུག བླ་མ་གཞོན་གཞོན་ཁྱེད་རང་གཉིས་གཟུགས་པོ་ནི་རྒྱག་ལ་ཤུགས་ཡོད་མདོག་ཁ་པོ་འདུག་ཡག་པོ་རེད། སློབ་གཉེར་ཐོག་ཤུགས་རྒྱག་དགོས་ཀྱི་རེད། མཁྱེན་སོང་ངམ། སློབ་གཉེར་ཡག་པོ་ཞིག་གནང་ཤོག་ཨ། ང་ཚོ་ཡར་རྒས་འགྲོ་གི་ཡོད་པ་རེད། ཁྱེད་ཚོ་མི་རབས་གསར་པ་རེད། ཡིན་གཅིག་མིན་གཅིག་སོ་སོའི་མི་ཚེ་འདི་བསྟན་པ་དང་འགྲོ་བའི་དོན་དག་རླབས་ཆེན་པོ་ཞིག་བསྒྲུབ་རྒྱུའི་དོན་དུ་སྙིང་སྟོབས་སྐྱེད་དགོས། དེང་དུས་འཛམ་གླིང་གི་ཁྲ་ཁྲ་ཟིང་ཟིང་ལ་མགོ་མ་འཁོར་བ་བྱེད་དགོས། ང་ཚོས་སྲིད་པའི་ཕུན་ཚོགས་དུག་སྦྲུལ་གྱི་ཚང་ལྟ་བུར་བརྟེན་ནས་ཉེས་མིག་བལྟ་དགོས་པ་བཅོམ་ལྡན་འདས་ཀྱི་གསུངས་ཡོད། དེ་ང་ཚོས་ལག་ལེན་བསྟར་དགོས་ཀྱི་རེད། ཁྲ་ཁྲ་ཟིང་ཟིང་མཐོང་སྐབས་འདི་ཡག་པོ་འདུག་ང་ལ་དགོས་ཀྱི་འདུག་ཅེས་བཤད་ན་ནོར་འཁྲུལ་རེད། གཟབ་གཟབ་བྱེད་དགོས། ཁྱེད་ཚོས་དཔེ་ཆ་ལྟ་རྒྱུར་དྭང་འདོད་བྱེད་དགོས་ཀྱི་རེད། དེ་ནས་སོ་སོའི་སྒོ་གསུམ་གྱི་སྤྱོད་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་ཚད་ལྡན་ཞིག་ཡོང་རྒྱུར་འབད་བརྩོན་གནང་རོགས་གནང་ཞེས་སྤྱི་ཡོངས་རེད། ཡང་སྒོས་སུ་སྐུ་གཞོན་པ་ཚོས་ཐུགས་སྤོབས་སྐྱེད་རྒྱུ་དཔེ་གལ་ཆེན་པོ་རེད་འདུག
དེ་ནས་ང་ཚོས་སྐྱ་བོ་ཕོ་མོ་སྤྱི་བྱིངས་ནས་ཡོན་ཏན་ལ་དྭང་འདོད་བྱེད་རྒྱུ་དེ་དཔེ་གལ་ཆེན་པོ་ཞེ་དྲག་རེད་འདུག ང་ཚོའི་ཕ་མེས་ནས་ཡོད་བསྡད་པའི་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་ལྟ་སྤྱོད་བཟང་པོ་ཞིག་ཡོད་པའི་ཐོག་དེང་དུས་ཀྱི་ཤེས་ཡོན་ཡོད་པ་ཞིག་བྱུང་ན་སྔོན་མ་ངོས་ཀྱིས་བཤད་བསྡད་པ་དེ་རང་རེད། འདབ་ཆགས་ཤོག་པ་ཟུང་ལྡན་ཞིག་བྱུང་ན་ནམ་འཕང་གཅོད་ཐུབ་ཀྱི་ཡོད་པ་རེད། དེ་དང་འདྲ་བར་བྱས་ཏེ་ང་ཚོས་དེང་དུས་ཀྱི་ཤེས་ཡོན་ཐོག་ལ་དོ་སྣང་གལ་ཆེན་པོ་རྩིས་ཏེ་ཤུགས་སྐྱོན་རྒྱུ་གལ་ཆེན་པོ་རེད། ཚང་མས་ཐུགས་ལ་བཅངས་རོགས་གནང་ཞུ་རྒྱུ་ཡིན། དེ་མིན་ཞུ་རྒྱུ་གང་ཡང་མེད། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སློབ་ཕེབས་རྗེས་བརྟན་བཞུགས་ཀྱི་གསུང་འཕྲོས་ཞལ་འདོན་ཉི་གཞོན་འཆར་ཁ་མ་དང་། བསྟན་འབར་མ། མཆོག་གསུམ་ཤིས་བརྗོད་དང་། བདེན་ཚིག་སྨོན་ལམ་བཅས་གསུངས་བ་དང་། དེ་ནས་ཀ་ཁྲི་སྒྲོགས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་ཕོ་བྲང་དུ་སྤྱན་རྒྱ་སྤོས་སྣེས་གདན་འདྲེན་ཞུས་ཏེ་བརྟན་བཞུགས་ཀྱི་མཛད་སྒོ་དངོས་གཞི་ལེགས་པར་གྲུབ།
ཐེངས་འདིའི་གསུང་ཆོས་སུ་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་། ཁྲིམས་ཞིབ་པ་ཆེ་བས་དབུས་ཁྲིམས་ཞིབ་པ་གཞན་གཉིས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན། བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། སྤྱི་འཐུས་རྣམ་པ། ལྷན་ཁང་སོ་སོའི་དྲུང་ཆེ་ཆུང་བཅས་བརྟན་བཞུགས་ཀྱི་མཛད་སྒོར་བཅར་ཞུགས་གནང་ཡོད་འདུག་པ་བཅས།།