ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༥ རེས་གཟའ་པ་སངས།
༄༅། །རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག རྒྱ་གར་ནུབ་ཕྱོགས་གྲོང་ཁྱེར་མུམ་བཡིེ་ཡི་ལི་ལཝ་་ཏིའི་(Lilavati)སྨན་ཁང་དུ་སྐུ་ཁམས་ཅུངཟད་གསལ་མིན་གྱི་བརྟག་དཔྱད་གནང་གྲུབ་རྗེས་མགོན་པོ་གང་ཉིད་མུམ་བཡི་ཡི་མགྲོན་ཁང་ཞིག་ནང་སྐུ་ངལ་གསོ་གནང་མཛད་དེ་བཞུགས་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༤ རེས་གཟའ་ཕུར་བུ་ཉིན་མུམ་འབེ་ནས་མཁའ་ལམ་བརྒྱུད་རྒྱ་གར་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་ཡོད་པ་རེད།
དཔལ་ལྡན་སྐུ་སྒེར་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་མཆོག་ནས་གསར་འགོད་པར་གསུང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་གསར་པའི་ནང་ཉིན་ཤས་སྐུ་ངལ་གསོ་ནས་བཞུགས་བཞག་མཛད་རྒྱུ་དང་། དེ་རྗེས་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་འཁོད་རྒྱུའི་མཛད་འཆར་ཡོད་པ་བཅས་ཀྱི་འགྲེལ་བརྗོད་གནང་ཡོད་པ་རེད།
མགོན་པོ་གང་ཉིད་ཀྱི་སྐུ་ཁམས་བརྟག་དཔྱད་གནང་མཁན་རྒྱ་གར་གྲོང་ཁྱེར་མུམ་བཡི་ཡི་ལི་ལ་ཝ་ཏིའི་སྨན་ཁང་ནས་ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༢༩ རེས་གཟའ་པ་སངས་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་ཁམས་བདེ་མིན་གྱི་བརྟག་དཔྱད་མ་གནང་གོང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། སྨན་ཁང་དེས་ད་ནས་ཟླ་བ་གཅིག་ཙམ་གྱི་གོང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཟླ་བ་དྲུག་རེའི་མཚམས་སུ་བརྟག་དཔྱད་ཐེངས་རེ་ཞུས་པའི་སྐབས་མགོན་པོ་གང་ཉིད་སྐུ་ཁམས་ཡག་ཐག་གཅོད་ཡོད་པའི་སྐོར་བཀོད་ཡོད་པ་རེད་འདུག