ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༤ རེས་གཟའ་སྤེན་པ།
༄༅། །དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༣ ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་སྐུ་ཁམས་ཕྲན་བུ་བདེ་མིན་གྱིས་བརྟག་དཔྱད་དང་སྨན་བཅོས་ཆེད་རྒྱ་གར་གྲོང་ཁྱེར་མུམ་བཡི་རུ་ཆིབས་སྒྱུར་གནང་སྟེ་ད་ཆ་བཞུགས་སྒར་དུ་༸ཞབས་སོར་འཁོད་ཡོད། རྒྱ་བོད་ལྷ་རྗེ་སྨན་པ་ཐུན་མོང་ནས་སྐུ་གཟུགས་སྤྱི་ཡོངས་ཐོག་ནས་གསལ་ཐང་འདུག འོན་ཀྱང་ཆིབས་སྒྱུར་རིགས་མཛད་འཆར་ཉུང་དུ་གཏོང་དགོས་པའི་སློབ་སྟོན་ནན་ཏན་གནང་བ་དང་ཆབས་ཅིག་སྔ་འཕྲོས་རིང་སྐུ་ངལ་གསོ་དགོས་པ་ཞུས་སོང་པར་བརྟེན། རིང་མིན་ཕྱི་ཟླ་ ༡༠ ནང་ཡུ་རོབ་ཁུལ་སུད་སི་གཙོས་རྒྱལ་ཁབ་འགའ་ཞིག་ནང་ཆིབས་སྒྱུར་བསྐྱང་འཆར་དེ་དག་ཕྱིར་འཐེན་གནང་རྒྱུ་ཐུགས་གཏན་འཁེལ་སོང་། མཛད་འཆར་འགྱུར་བ་ཕྱིན་པའི་རྐྱེན་གྱིས་ཆིབས་སྒྱུར་གོ་སྒྲིག་ཞུ་མཁན་དང་གསུང་ཆོས་སོགས་ལ་མཉམ་ཞུགས་གནང་མཁན་དད་ལྡན་མང་ཚོགས་ལ་བརྡབ་གསིག་བྱུང་བར་འབྲེལ་ཆགས་ཚང་མས་དགོངས་བཞེས་གནང་རྒྱུར་ང་ཚོས་རེ་བ་ཞུ་རྒྱུ་ཡིན། ཞེས་བཀོད་གནང་ཡོད་པ་རེད།།