ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༣ རེས་གཟའ་ལྷག་པ།
བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ ༢༠༠༨ ཟླ་ ༩ ཚེས་ ༡ ཉིན་འཁོད་གནས་ནང་།
མཚུངས་མེད་སྐུ་ཚབ་དོན་གཅོད་ཁག་དང་། ས་གནས་འགོ་འཛིན་ལྷན་རྒྱས་མཆོག་གི་གང་དེར།
ཆེད་ཞུ། གསར་གནས་བརྒྱུད་ལམ་ཁག་དང་། གཟུགས་མཐོང་རླུང་འཕྲིན་ཁག་ནས་གནས་ཚུལ་ཁུངས་སྤྲོད་བྱུང་བར་རང་རེའི་སྐྱབས་བཅོལ་བོད་མིའི་གནས་ཡུལ་རྒྱ་གར་གྱི་མངའ་སྡེ་སྦི་ཧར་ནང་ལོ་བཅུ་ཕྲག་ལྔ་ལྷག་ནང་བྱུང་མྱོང་མེད་པའི་ཆུའི་འཇིགས་པས་ཡུལ་མི་ས་ཡ་མང་པོའི་གནས་སྡོད་ཁང་པ་སོགས་འཇིག་སྟེ་ཤིན་ཏུ་ཡ་ང་བའི་གནས་སུ་ལྷུང་ཡོད་པ་ཚང་མས་ཤེས་རྟོགས་ཡོད་ངེས། རྒྱ་གར་གཞུང་དང་མི་མང་ནི་བོད་མིར་ཤིན་ཏུ་ནས་བཀའ་དྲིན་ཆེ་བ་ཞིག་ཡིན་པར་བརྟེན། ཁོང་ཚོར་འདི་ལྟའི་ཟློག་མེད་འབྱུང་བའི་རྐྱེན་ངན་འཕྲད་སྐབས་བོད་རིགས་མང་ཚོགས་ནས་ཀྱང་སེམས་འཚོར་དང་བཀྲིན་བསམ་ཤེས་མཚོན་ཆེད་ཞལ་འདེབས་འབུལ་དགོས་གལ་ཆེར་བརྟེན། དེ་གའི་ཁྱབ་ཁོངས་མང་ཚོགས་ནས་རང་རང་བློས་གཅད་ཀྱིས་རྒྱ་མཚོ་ཆུ་ཐིགས་ལྟ་བུའི་ཞལ་འདེབས་བསྡུ་རུབ་དང་སྦྲགས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་དུ་ ༢༠༠༨།༩།༣༠ ནང་ཚུད་འབུལ་ཐུབ་པ་གནང་དགོས། ལྡི་ལི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱོགས་བསྡོམས་དངུལ་འབབ་ཇི་བྱུང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ངལ་སེལ་མ་དངུལ་དུ་འབུལ་རྒྱུ་ཡིན་པས་ཚང་མས་དེ་དོན་ཕྱག་བསྟར་འཕྲལ་ལ་གནང་དགོས་དགོངས་འཇགས་ཞུ།།