ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །ལོོན་ཌོན་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྤྱི་ཚོགས་(Tibet Society)ཀྱིས་གོ་སྒྲིག་ཞུས་པའི་ཐོག་དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་གསུམ་རྡ་སར་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༧ ཉིན་གྱི་ཕྱི་དྲོ་ཕེབས་འབྱོར་གནང་ཡོད་པ་རེད། ཐེངས་འདིར་གྲོགས་ཚོགས་ཀྱི་སྐུ་ཚབ་རྣམ་པ་ཕེབས་དོན་གཙོ་བོ་ནི་བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་དང་དབྱིན་ཡུལ་གྲོས་ཚོགས་གཉིས་དབར་བྱེད་སྒོའི་རིམ་པ་བརྗེ་ལེན་དང་མཉམ་སྤྱོད་སླད་དང་། བོད་མིའི་ཚོའི་བསམ་འཆར་དབྱིན་ཡུལ་གྱི་གྲོས་ཚོགས་ནང་གསལ་སྟོན་བྱ་རྒྱུར་རྒྱབ་རྟེན་བྱེད་ཆེད་ཕེབས་པ་ཞིག་ཡིན་འདུག
གྲོས་ཚོགས་ཀྱི་འཐུས་མི་གསུམ་ནི་དབྱིན་ཡུལ་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་ཁག་གསུམ་ནས་ཕེབས་པ་ཞིག་ཡིན་པ་དང་། དེ་ཡང་ལི་ཝིསེ་གུ་ཡངས་མང་གཙོ་ཚོགས་པའི་(Liberal Demoncrat MP for Leves, Sussex)ཚོགས་མི་ཡིན་པ་སྐུ་ཞབས་ནོར་མན་བ་ཀར་(Norma Baker)མཆོག་དང་། རྙིང་ཞེན་ཚོགས་པའི་(Conservative MP for West Sussex constituency of East Worthing)འཐུས་མི་སྐུ་ཞབས་ཊིམ་ལོག་ཊོན།(Tim Loughton) ངལ་རྩོལ་ཚོགས་པའི་(Labour MP for Cardiff North in South Wales)འཐུས་མི་ལྕམ་སྐུ་ཇུ་ལིའི་མོར་གྷན་(Julie Morgan)བཅས་ཡིན་འདུག
དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་གསུམ་ནས་འདས་པའི་ལོ་ངོ་ ༥༠ ནང་རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བར་སྐྱོན་འཛུགས་གནང་བ་དང་སྦྲགས་ཁོང་རྣམ་པས་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ལ་བཅར་ནས་བོད་ལ་ཞི་བའི་གྲོས་ཆོད་ཡོང་སླད་འབད་བརྩོན་ཞུ་གི་ཡིན། ཞེས་གསུངས་ཡོད་པ་རེད།
ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༠ རེས་གཟའ་ལྷག་པ་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་གསུམ་བཅས་ལྷན་འཛོམས་ཐོག་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བའི་ཐོག་སྐུ་ཞབས་ནོར་མན་བ་ཀར་མཆོག་ནས་གསར་འགོད་པར་གསུང་དོན། དབྱིན་ཡུལ་མི་མང་དང་། གྲོས་ཚོགས། གཞུང་བཅས་ནས་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་མ་ཟད། ད་ལྟའི་བོད་ཀྱི་གནས་སྟངས་ལ་སེམས་འཁུར་ཆེན་པོ་ཞུ་བཞིན་ཡོད། ཅེས་གསུངས་ཡོད། ཁོང་གིས་མུ་མཐུད་གསུང་དོན། བོད་མིའི་གཞི་རྩའི་ཐོབ་ཐང་ལ་དགག་བྱ་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་དུ་བཅུག་གི་མ་རེད། འདི་ལོའི་བོད་ནང་གི་གྱེན་ལངས་རྣམ་གྲངས་ཧ་ཅང་མང་པོ་བྱུང་བ་དེ་དག་གིས་བོད་ཀྱི་གནད་དོན་དེ་བོད་མིའི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་མ་ཡིན་པར་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་འབྲེལ་ཡོད་པ་གསལ་སྟོན་བྱུང་ཡོད་པ་རེད། ཅེས་གསུངས་ཡོད་པ་རེད།
བོད་ཀྱི་གནས་སྟངས་དེ་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་ཐུགས་འཁུར་ཆེན་པོ་ཡོད་པའི་རྣམ་འགྱུར་གསལ་སྟོན་ཐོག་ཁོང་གིས་གསུང་དོན། དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་བོད་ཀྱི་གནད་དོན་དེར་དྲང་བདེན་གྱི་ཐག་གཅོད་ཡོང་བའི་སེམས་ཐག་བཅད་ཡོད། ཅེས་དང་། རྒྱ་ནག་གཞུང་གིས་ངེས་པར་དུ་བྱ་སྤྱོད་ལ་ཚད་གཞི་ཞིག་བཟོས་ཏེ་བོད་མི་ཚོར་འཇིགས་སྐུལ་གང་ཡང་མེད་པར་རང་དབང་གི་ཐོག་ནས་ཆོས་བྱ་རྒྱུ་དང་། བཙོན་འཇུག་སོགས་གང་ཡང་མེད་པའི་ཐོག་ནས་ཁོང་ཚོས་གང་བསམ་པ་དེ་དག་གསལ་སྟོན་ཆོག་པ། མང་གཙོའི་རྒྱལ་ཁབ་ནང་ལ་ཡོད་པ་ཇི་བཞིན་ལས་འགུལ་སྤེལ་ཆོག་པ། བོད་མི་འཛིན་བཟུང་བྱས་པ་དེ་དག་རང་དབང་ལྡན་པའི་ཁྲིམས་ཞིབ་ལྷན་ཚོགས་ཤིག་གིས་འགྲོ་ལུགས་དང་མཐུན་པ་དང་དྲང་བདེན་ཁྲིམས་ཞིབ་འོག་ནས་ཐག་གཅོད་བྱ་དགོས་ཀྱི་རེད། ཅེས་དང་ཁོང་གིས་མུ་མཐུད་གསུང་དོན། འདས་པའི་ཉིན་ཤས་རིང་ཁོང་ཚོར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། བོད་མི་སྒེར། བོད་མི་མང་སྤྱི་འཐུས་རྣམས་དང་ཐུག་འཕྲད་བྱུང་རྗེས་བོད་མིའི་རེ་འདོད་ལ་ཤེས་རྟོགས་ཡག་པོ་བྱུང་། ལོན་ཌོན་དུ་ཕྱིར་ལོག་རྗེས་ང་ཚོས་ང་ཚོའི་གཞུང་དང་ཡུ་རོབ་སྤྱི་མཐུན་རྒྱབ་ཁབ་དང་འབྲེལ་མཐུད་བྱ་རྒྱུའི་ཆ་ཤས་ལེན་ནས་བོད་ལ་ཞི་བའི་ཐག་གཅོད་ཡོང་རྒྱུར་མུ་མཐུད་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་པ་རེད།
སྐུ་ཞབས་ཊིམ་ལོག་ཊོན་ནས་གསར་འགོད་ལྷན་ཚོགས་ཐོག་འགྲེལ་བརྗོད་གནང་དོན། བོད་ནང་མུ་མཐུད་དེ་མི་མང་གི་གུ་ཡངས་དངརང་དབང་རྡོག་རོལ་བཏང་བ་དེ་ནི་ང་ཚོའི་དེང་དུས་ཀྱི་འཛམ་གླིང་དེའི་རང་དབང་གི་མེ་ལྕེ་ལ་ཁྲིམས་སྲོལ་བརྡལ་ཤིག་ཆེ་ཤོས་དེ་རེད། ཅེས་དང་། ཁོང་གིས་བསྐྱར་ཟློས་གནང་དོན། དབྱིན་ཡུལ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་བོད་ཀྱི་གནད་དོན་རྒྱབ་སྐྱོར་གནང་མཁན་ཤུགས་ཆེ་ཡོད་པ་རེད། རྒྱ་ནག་ནང་གནས་སྡོད་རྒྱ་ནག་མི་མང་ལ་ངེས་པར་དུ་བོད་དང་བོད་མིར་བཀོལ་ཉེས་གཏོང་བའི་གནས་ཚུལ་དེ་ཤེས་རྟོགས་བཅུག་དགོས་པ་དེ་ཧ་ཅང་གིས་གལ་ཆེན་པོ་རེད། ཅེས་གསུངས་ཡོད་པ་རེད།
བཙན་བྱོལ་བོད་གཞུང་དང་རྒྱ་ནག་དབར་གྱི་འབྲེལ་མོལ་གྱི་སྲིད་བྱུས་ལ་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་མགྲིན་གཅིག་ཏུ་འབོད་སྒྲ་ཡོང་དགོས་པ་ནན་ཏན་གྱིས་གསུང་དོན། རང་དབང་གི་རྒྱལ་ཁབ་ནང་ཡོད་པའི་སྲིད་དོན་པ་ཚོས་གོ་སྐབས་བཟུང་ནས་རྒྱ་ནག་གཞུང་ལ་གྲུབ་ཐུབ་པ་དང་དོན་དང་ལྡན་པའི་གནད་དོན་དེ་དག་གླེང་དགོས་ཀྱི་འདུག གལ་ཏེ་འབྲེལ་མོལ་ནང་རྒྱ་ནག་གཞུང་ལྷག་བསམ་རྣམ་དག་ཡིན་ན་ངེས་པར་དུ་དེ་ངོས་ལེན་བྱེད་དགོས་ཀྱི་རེད། ཅེས་གསུངས་ཡོད་པ་རེད།
དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམས་བོད་ཀྱི་རིག་གཞུང་དང་ཤེས་རིག་གི་སློབ་གཉེར་ཁང་ཁག་ཏུ་བཅར་བ་ཙམ་མ་ཡིན་པར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༨ རེས་གཟའ་ཟླ་བ་ཉིན་བཙན་བྱོལ་བོད་གཞུང་གི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཉིན་དང་པོའི་དབུ་འབྱེད་ལྷན་ཚོགས་ཀྱི་ཟུར་ཉན་དུ་བཅར་ཡོད་པ་རེད། དེ་ལྟ་བུའི་ལས་འཆར་དེ་ནི་ཕྱི་ལོ་ ༢༠༠༥ དང་ ༢༠༠༧ ལོར་རིམ་པས་བོད་གཞུང་སྤྱི་འཐུས་དབྱིན་ཡུལ་དུ་ཕེབས་པ་དང་དེ་རྗེས་ཕྱི་ལོ་ ༢༠༠༧ ཟླ་ ༡༠ ནང་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་རྡ་སར་ཕེབས་པ་ནས་དབུ་བཙུགས་པ་ཞིག་ཡིན་པ་རེད།
དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམས་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༡ རེས་གཟའ་ཕུར་བུ་ཉིན་དབྱིན་ཡུལ་དུ་ཕྱིར་ལོག་གནང་ཡོད་པ་རེད།།