ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༩ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གཅེན་པོ་བགྲེས་ཤོས་སྟག་འཚེར་རིན་པོ་ཆེ་མཆོག བོད་ཟླ་ ༧ ཚེས་ ༦ ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༩ ཚེས་ ༥ རེས་གཟའ་པ་སངས་ཉིན་ཨ་མི་རི་ཁའི་ཤར་ཕྱོགས་ཨེན་ཌི་ཡ་ནའི་མངའ་སྡེའི་ནང་ཡོད་རང་ཤག་ཏུ་དགུང་གྲངས་ ༨༦ ཐོག་དགོངས་པ་གཞན་དོན་གཤེགས་ཚུལ་བསྟན་གནང་བའི་ཤིན་ཏུ་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པར་བརྟེན་བཙན་བྱོལ་བོད་གཞུང་ནས་ཕྱི་ཟླ་ ༩ ཚེས་ ༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ ཐོག་ལས་བྱེད་གསོལ་ཚང་ཡང་སྟེང་ཚོགས་ཁང་དུ་སྨོན་ལམ་ཆུ་ཚོད་གཅིག་རིང་གསུངས་རྗེས་དབུས་ཀྱི་ལས་ཁུངས་ཁག་སྒོ་བརྒྱབ་སྟེ་མྱ་ངན་ཞུས་ཡོད་པ་རེད།
༸སྐུའི་གཅེན་པོ་སྟག་འཚེར་ཐུབ་བསྟན་འཇིགས་མེད་ནོར་བུ་རིན་པོ་ཆེ་མཆོག་ནི་རབ་བྱུང་ལྔ་པའི་ཆུ་ཕོ་ཁྱི་ལོ་སྟེ་ཕྱི་ལོ་ ༡༩༢༢ ལོའི་བོད་ཟླ་ ༨ ཚེས་ ༡༦ ཉིན་མདོ་སྨད་དུ་ཡབ་ཆོས་སྐྱོང་ཚེ་རིང་དང་ཡུམ་བསོད་ནམས་མཚོ་མོ་གཉིས་ཀྱི་སྲས་སུ་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་བཅས་ནས་སྐུ་འཁྲུངས། དགུང་གྲངས་གསུམ་ལ་ཕེབས་སྐབས་༸རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ནས་སྐུ་འབུམ་དགོན་གྱི་མཁན་པོའམ་སྟག་འཚེར་སྐུ་འཕྲེང་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་པ་དང་། མཚན་ལ་ཐུབ་བསྟན་འཇིགས་མེད་ནོར་བུ་ཞེས་སྩལ་གནང་མཛད་ཡོད། སྟག་འཚེར་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ལ་ཕེབས་སྐབས་བསྟན་པའི་མངའ་བདག་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་ཡུལ་སྐུ་འབུམ་དགོན་དུ་ཆོས་ཞུགས་གནང་ཡོད། སྐུ་གཞོན་ནུའི་དུས་ནས་དགོན་པའི་ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་ལ་ཐེག་པ་རིམ་འཛེགས་ཀྱིས་སྦྱངས་པ་མཐར་ཕྱི་པར་མཛད། སྟག་འཚེར་རིན་པོ་ཆེ་མཆོག་ནི་༸གོང་ས་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་མ་འཁྲུངས་སྔོན་ནས་བོད་ཀྱི་ནང་ཆོས་ཀྱི་བསྟི་གནས་སྐུ་འབུམ་དགོན་གྱི་གལ་ཆེའི་ཆོས་སྲིད་ཀྱི་དབུ་ཁྲིད་ཅིག་ཏུ་གྱུར་ཡོད་པ་རེད། སྐུ་འབུམ་དགོན་དེ་ནི་བོད་ཤར་ཕྱོགས་སུ་བཤད་སྒྲུབ་ཀྱི་བསྟི་གནས་གལ་ཆེ་ཤོས་ཤིག་ཡིན་པར་ཡོངས་སུ་གྲགས་པ་ཡིན། རིན་པོ་ཆེ་མཆོག་དགུང་གྲངས་ཉེར་བདུན་ལ་ཕེབས་སྐབས་དགེ་འདུན་པ་ཞལ་གྲངས་བཞི་སྟོང་ལྷག་ཡོད་པའི་སྐུ་འབུམ་དགོན་གྱི་མཁན་པོའི་ཐུགས་འགན་བཞེས་ཡོད།
ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་དམར་པོའི་སྲིད་གཞུང་ནས་བོད་ཐོག་བཙན་འཛུལ་བྱེད་འགོ་ཚུགས་ཡོད་པ་མ་ཟད་སྐུ་འབུམ་དགོན་ནི་རྒྱ་ནག་གིས་བཙན་བཟུང་འོག་ཏུ་ཚུད་པའི་བོད་ཀྱི་ས་ཆ་ཆེས་ཐོག་མའི་གྲས་ཤིག་ཡིན་ཞིང་། སྐབས་དེར་རིན་པོ་མཆོག་ནི་རྒྱ་མིའི་དམག་མིས་ཚོད་འཛིན་ནང་གནས་ཡོད། ལོ་དེར་རྒྱ་ནག་དམར་པོའི་གཞུང་གིས་རིན་པོ་ཆེ་མཆོག་ལ་ངན་ལབ་བྱས་དོན། རིན་པོ་ཆེ་མཆོག་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ཏེ་དགུང་གྲངས་ ༡༥ ཕེབས་པའི་སྐུའི་གཅུང་པོ་སྟེ། བོད་མིའི་ཆོས་སྲིད་གཉིས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆིངས་ཡིག་དོན་ཚན་ ༡༧ དང་། བོད་ཞི་བའི་བཅིངས་གྲོལ་གཏོང་རྒྱུར་ངོས་ལེན་གནང་དགོས་པའི་སྐུལ་མ་ཞུ་རྒྱུ་དང་། གལ་ཏེ་གནད་དོན་དེ་རྣམས་གསན་འཇོག་མ་གནང་ཚེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྲོག་དཀྲོངས་དགོས་པའི་སློབ་སྟོན་ཞུས་ཡོད་ཅིང་། གལ་ཏེ་རྒྱ་གཞུང་གིས་སློབ་སྟོན་དེ་དག་ལག་བསྟྟར་གནང་ཐུབ་ཚེ་རིན་པོ་ཆེ་མཆོག་ལ་རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་སྲིད་སྐྱོང་གི་མཚན་གནས་འབུལ་རྒྱུའི་ཁས་ལེན་ཡང་བྱས་ཡོད་པ་རེད། རིན་པོ་མཆོག་ནས་རྒྱ་ནག་སྲིད་གཞུང་གིས་སྐུལ་མ་བྱས་པའི་གནད་དོན་དེ་དག་ཟླ་བ་མང་པོའི་རིང་ཁས་ལེན་རྩ་བ་ནས་གནང་མེད་ཀྱང་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་ལ་རྒྱ་ནག་གིས་བོད་བཙན་བཟུང་བྱ་རྒྱུ་འགོ་བཙུགས་ཟིན་པ་སོགས་ཀྱི་གནས་ཚུལ་རྣམས་སྙན་ལམ་དུ་བསྒྲོན་རྒྱུའི་དགོས་པ་གལ་ཆེར་དགོངས་ཏེ་མཐར་རྒྱ་ནག་གཞུང་གིས་འབོད་སྐུལ་དེར་དྭང་ལེན་གནང་ཁུལ་མཛད་དེ་མཐར་ཕྱི་ལོ་ ༡༩༥༠ ལོར་ལྷ་སར་ཕེབས་ཐུབ་པ་བྱུང་ཡོད། ལྷ་སར་ཕེབས་འབྱོར་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་མིའི་སྲིད་བྱུས་ལ་ཡིད་ཆེས་རྩ་བ་ནས་མེད་པའི་སྐོར་དང་། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་དྭོགས་པ་ཆེན་པོ་ཡོད་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུའི་ཉེན་སྲུང་སླད་བོད་དང་རྒྱ་གར་ས་མཚམས་ཤིག་ཏུ་བཞུགས་སྒར་མཛད་ན་ལེགས་སྐོར་སོགས་སྙན་སྒྲོན་ཞུས་ཡོད་པ་རེད།
དེ་ལྟར་བོད་ཀྱི་གནས་སྟངས་ཛ་དྲག་ཅན་གྱི་དུས་དེར་རིན་པོ་ཆེ་མཆོག་ནས་བོད་ནང་རྒྱ་ནག་དམར་པོའི་སྲིད་དབང་འགོག་ཐབས་སླད་རྒྱལ་སྤྱིའི་རྒྱབ་སྐྱོར་དང་ལྷག་པར་དུ་སྟོབས་ཆེན་ཨ་མི་རི་ཁའི་རྒྱབ་སྐྱོར་ཐོབ་རྒྱུ་ནི་ཧ་ཅང་གལ་ཆེར་དགོངས་ཏེ། ཕྱི་ལོ་ ༡༩༥༢ ལོར་ཨ་མི་རི་ཁར་ཕེབས་ཏེ་བོད་དོན་ཐད་ཕྱག་ལས་སྣ་མང་མཛད། ཕྱི་ལོ་ ༡༩༦༥ ལོར་ནས་འགོ་བཙུགས་སྟེ་ཨ་རིའི་ཤར་ཕྱོགས་མངའ་སྡེའི་ (Indiana university) མཐོ་སློབ་ཁང་དུ་བོད་ཀྱི་ཆོས་དང་རིག་གཞུང་གི་སློབ་དཔོན་གནང་བ་དང་། ཕྱི་ལོ་ ༡༩༦༧ ལོར་ཚོགས་པ་Tibetsocietyཞེས་པ་བཙུགས་གནང་བ་དང་ཚོགས་པ་འདི་བཙུགས་པའི་དགོས་ཆེད་ནི་ས་ཁུལ་འདིའི་བོད་ཀྱི་མི་མང་ལ་གསལ་བསྒྲགས་བྱེད་ཆེད་ཙམ་མ་ཡིན་པར་ཤར་ནུབ་ཀྱི་རྒྱལ་ཁབ་ཏུ་བོད་ཀྱི་ཤེས་རིག་ལ་མཁས་པ་དང་དོ་སྣང་ཅན་རྣམས་ཕན་ཚུན་འབྲེལ་ལམ་ཡག་པོ་ཡོང་ཐུབ་པ་བཟོ་རྒྱུ་ཡིན་པ་རེད། ༡༩༧༩ ལོར་རིན་པོ་ཆེ་མཆོག་ནས་ཨིན་ཌི་ཡ་ནའི་གྲོང་ཁྱེར་བུལ་མིན་ཊོན་(Bloomington)ནང་བོད་ཀྱི་ཆོས་དང་རིག་གཞུང་གི་བསྟི་གནས་ཁང་། ཞེས་པ་ཞིག་གསར་འཛུགས་མཛད་ཡོད་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞབས་སོར་ལན་མང་འཁོད་གནང་མཛད་ཡོད་པ་མ་ཟད། ༡༩༨༧ ལོར་ས་གནས་དེར་རིན་པོ་ཆེ་མཆོག་ནས་བྱང་ཆུབ་མཆོད་རྟེན་ཞིག་གསར་བཞེངས་གནང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ཀྱི་ཞབས་སོར་འཁོད་ཡོད་པ་དང་དེར་རབ་གནས་མཛད་ཡོད་པ་རེད། ༡༩༩༧ ལོར་རིན་པོ་ཆེ་མཆོག་ནས་བྱམས་བརྩེ་གླིང་ཞེས་པའི་བོད་དགོན་ཞིག་གསར་བཞེངས་གནང་ཡོད། ༡༩༩༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རིན་པོ་ཆེ་མཆོག་བཞུགས་ཡུལ་གྱི་ས་གནས་དེར་དཔལ་དུས་ཀྱི་འཁོར་ལོའི་དབངཆེན་སྩལ་གནང་མཛད་ཡོད། ༢༠༠༧ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་དེར་ཆིབས་སྒྱུར་མཐའ་མ་དེ་བསྐྱངས་གནང་མཛད་ཡོད།
དེ་མིན་ཞིང་གཤེགས་སྐུའི་གཅེན་པོ་སྟག་འཚེར་རིན་པོ་མཆོག་ནས་ཉི་ཧོང་བོད་གཞུང་སྐུ་ཚབ་དོན་གཅོད་དང་རྡ་ས་བོད་ཀྱི་དཔེ་མཛོང་ཁང་གི་འགན་འཛིན་གྱི་ཕྱག་ལས་གནང་མྱོང་བ་མ་ཟད། བོད་དོན་འདི་ཞིང་རྒྱལ་སྤྱིའི་སྟེང་ཤེས་རྟོགས་ཡོང་སླད་གོམ་བགྲོད་ཀྱི་ལས་འགུལ་སྣ་མང་བརྩམས་གནང་མཛད་ཡོད་པ་མ་ཟད་མཉམ་ཞུགས་ཀྱང་མཛད་ཡོད། དེ་བཞིན་རིན་པོ་ཆེ་མཆོག་ནས། བོད་དེ་ངའི་རྒྱལ་ཁབ་ཡིན། ཞེས་པ་སོགས་ཀྱི་ཕྱག་དེབ་བརྩམས་གནང་མཛད་ཡོད་པར་རྒྱལ་སྤྱིའི་སྟེང་གི་མཁས་པའི་ཡིད་ཆེས་དང་གུས་བཀུར་ཐོབ་ཡོད་པ་སོགས་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཧྲིལ་པོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་ཞུ་དང་བོད་གངས་ཅན་ལྗོངས་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་རང་དབང་སླར་གསོའི་དོན་དུ་འབད་བརྩོན་མཛད་ཡོད་པར་བོད་མི་ཚོས་ཡི་རངས་ཆེན་པོ་ཞུ་བཞིན་ཡོད་ལ། ད་ཆ་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ཚུལ་མཛད་པ་དེ་ནི་བོད་མིའི་ཁྲོད། བོད་མི་རིགས་ཀྱི་རང་དབང་སླར་གསོ་མཛད་མཁན་གྱི་རླབས་ཆེན་དབུ་ཁྲིད་ཅིག་མེད་པར་གྱུར་བར་ཧ་ཅང་བློ་ཕམ་ཞུ་བཞིན་ཡོད་པ་བཅས།།