༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བར་ལམ་ཕྱི་རྒྱལ་ཁག་ལ་ཆིབས་སྒྱུར་བསྟུད་དེ་གནང་བ་དེའི་སྐབས་གསུང་ཆོས་དང་། མང་ཚོགས་ལ་བཀའ་སློབ། མི་སྣ་མཇལ་འཕྲད་སོགས་གཅིག་མཇུག་གཉིས་མཐུད་འགྲོ་དོན་ལ་གཞོལ་ཆེ་བས་སྐུ་ངལ་གནང་ལོང་མ་བྱུང་སྟབས་ད་ལམ་ཉིན་གཉིས་ཀྱི་གོང་སྐུ་ཁམས་ཅུང་ཟད་བདེ་མིན་ཙམ་བྱུང་ཞིང་། འདི་གའི་སྐུ་བཅར་སྨན་པ་རྣམས་ཀྱིས་བརྟག་དཔྱད་ཞུ་སྐབས་སྐུ་ངལ་ཆེ་དྲགས་པ་ལས་བྱུང་བའི་མངོན་ཚུལ་གསལ་པོ་ཡོད་པར་བརྟེན་འཕྲོད་བཞེས་དང་བསྟུན་སྐུ་ལྷོད་བཞུགས་གནང་གལ་ཆེ་བའི་གསོལ་འདེབས་ཞུས་ཡོད། དེར་བརྟེན་སྔོན་དུ་མུམ་འབེ་ (Mumbai) སྨང་ཁང་ལ་སྐུ་ཁམས་བརྟག་དཔྱད་མཛད་པའི་འཕྲོ་མཐུད་དེ་སྨན་བཅོས་འཕྲོད་བཞེས་སླད་ཕྱི་ཟླ་ ༨ ཚེས་ ༢༨ ཉིན་མུམ་འབེ་ལ་ཆིབས་སྒྱུར་གནང་རྒྱུ་ངེས་པ་དང་། ཕྱི་ཟླ་ ༩ པར་མིཀ་སེ་ཀོ་ (Mexico) དང་། ཌོ་མིནི་ཀན་སྤྱི་མཐུན་རྒྱལ་ཁབ་ (Dominican Republic) སོགས་སུ་ཆིབས་སྒྱུར་གནང་རྒྱུ་གཙོས་བདུན་ཕྲག་གསུམ་རིང་གི་མཛད་འཆར་ཕྱིར་འཐེན་གནང་བ་བཅས་ཀྱི་གསལ་བསྒྲགས་སུ།།
སྐུ་སྒེར་ཡིག་ཚང་ནས།
ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༢༧ ལ།།