༄༅།། སྤྱིར་འཇིག་རྟེན་འདིར་དབུལ་ཕོངས་དང་། འཚེ་བ། ཁོར་ཡུག་ཉམས་ཆག ཆོས་ལུགས་འཐེན་འཁྱེར་སོགས་རྒུད་ཚོགས་དུ་མས་སྐྱེ་རྒུ་རྣམས་ལ་ད་ལྟ་དང་འབྱུང་འགྱུར་གཉིས་ཀར་སྡུག་བསྔལ་རྒྱུན་ཆད་མེད་པ་ཞིག་བྱུང་དང་ཡོང་རྒྱུའི་ཁར། བོད་མི་རྣམས་འདས་པའི་ལོ་དྲུག་ཅུར་ཉེ་བའི་རིང་རྒྱ་ནག་དབང་འཛིན་པའི་གཡོན་ཐལ་ཅན་གྱི་སྲིད་བྱུས་འོག་མི་རིགས་དབྱེ་འབྱེད་དང་། མི་རིགས་གཉའ་གནོན་གྱི་བྱ་སྤྱོད་ལ་བརྟེན་ནས་བོད་མི་འབུམ་ཕྲག་དུ་མ་རྐྱེན་འདས་སུ་གྱུར་པ་དང་། རྩ་ཆེའི་ཆོས་དང་རིག་གནས་ཀྱི་བསྟི་གནས་སྟོང་ཕྲག་མང་པོ་རྩ་གཏོར། ཆེད་མངགས་ཡིན་མིན་ཇི་ལྟར་ཡང་བྱེད་ཕྱོགས་སྣ་ཚོགས་ལ་བརྟེན་ནས་ལེགས་བྱང་རྩ་མེད་བཟོ་བཞིན་པའི་ཐོག ལྷག་པར་འདི་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ལམ་ནས་རང་གི་མངོན་འདོད་སྟོན་ཐབས་བྱས་པར་ཡ་ང་སྙིང་རྗེ་བྲལ་བའི་དྲག་གནོན་ཤུགས་ཆེ་བྱས་ཏེ། མི་གྲངས་བརྒྱ་ཕྲག་མང་པོ་དམར་བསད། སྟོང་ཕྲག་མང་པོར་རྨས་སྐྱོན་དང་ཉེས་རྡུང་། བཙོན་འཇུག་སོགས་མི་སྤྱོད་ལས་འདས་པའི་དྲག་སྤྱོད་ཚབས་ཆེ་ད་དུང་ཡང་མུ་མཐུད་བྱེད་བཞིན་པ་མ་ཟད། རིང་མིན་ཨོ་ལིམ་ཕིཀ་རྩེད་འགྲན་མཇུག་བསྡོམས་ཟིན་རྗེས་དྲག་གནོན་ད་དུང་ཤུགས་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད།
བོད་རིགས་ཙམ་མ་ཟད་རྒྱ་ནག་མང་ཚོགས་ལའང་ཆོས་དད་དང་བསམ་སྤྱོད། སྨྲ་བརྗོད་བཅས་ཀྱི་རང་དབང་གཏན་ནས་མེད་པར་བཙན་གནོན་གདུག་རྩབ་ཁོ་ནས་གནམ་བདེ་སྒོ་མོ་ཆེར་ཞི་བའི་མང་ཚོགས་སྡེབ་གསོད་དང་། ཞིང་པ་དང་བཟོ་པ་ཧ་ཅང་མང་པོས་འདོད་བློ་མ་ཁེངས་པའི་བསམ་ཚུལ་དང་རེ་འདུན་བཏོན་རིགས་ལ་དྲག་གནོན་བྱས་རྐྱང་བྱེད་བཞིན་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས།
གནས་ཚུལ་དེ་དག་འགོག་ཐབས་སུ། སྤྱིར་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་མང་ཚོགས་དང་ཁྱད་པར་བཙན་བྱོལ་དུ་ཡོད་པའི་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་ཡོད་དོ་ཅོག་ཚང་མས་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༨ པའི་ཚེས་ ༣༠ རེས་གཟའ་སྤེན་པ། བོད་ཟླ་ ༦ པའི་གནམ་གང་ཉིན་འཛམ་གླིང་ཁྱོན་ཡོངས་སུ་ཉིན་གཅིག་ལ་གནས་ཡུལ་སོ་སོའི་སྔ་དྲོ་ཆུ་ཚོད་ ༧ ནས་ཕྱི་དྲོ་ཆུ་ཚོད་ ༧ པའི་བར་ཆུ་ཚོད་ ༡༢ རིང་བརྡ་མཚོན་གྱི་ཟས་བཅད་སྨྱུང་གནས་ཐོག སྨོན་ལམ་གསོལ་འདེབས་ཀྱི་ལམ་ནས་རང་རང་གི་ལས་ངན་བྱང་ཞིང་། བསོད་ནམས་གོང་མཐོར་སྤེལ་བ་དང་། འཇིག་རྟེན་སྐྱེ་འགྲོ་སྤྱི་དང་། ཁྱད་པར་བོད་མིས་གཙོས་རྒྱ་ནག་མི་མང་ལ་ཆོས་དད་དང་སྨྲ་བརྗོད་ཀྱི་རང་དབང་། དྲང་བདེན། མང་གཙོ། ཕྱི་གསལ་ནང་གསལ་གྱི་ཆབ་སྲིད་བཅས་ཡོང་ཐབས་སུ་འཚེ་མེད་ཞི་བའི་ལམ་ནས་འབད་རྩོལ་མུ་མཐུད་དགོས་པ་དང་། དྲང་བདེན་དང་ཞི་བདེ་ལ་དགའ་བའི་མི་མང་ཡོངས་ནས་ཀྱང་འཚེ་མེད་ཞི་བའི་ལས་རིགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་ནུས་པ་ཐོན་པ་གནང་དགོས་པའི་དྲན་བསྐུལ་ཞུ་རྒྱུ་ཡིན་ན། ཡུལ་གྲུ་གང་སར་འཁོད་པའི་བོད་རིགས་ཡོངས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག དྲང་བདེན་དང་འཚེ་བ་མེད་པའི་ལམ་ལ་དགའ་ཞེན་ཡོད་པ་ཚང་མས་གོང་གསལ་བརྡ་མཚོན་གྱི་ཟས་བཅད་ལས་འགུལ་དུ་མཉམ་ཞུགས་ངེས་པར་གནང་བའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།
ང་ཚོས་བྱམས་བརྩེ་དང་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་སྨྱུང་གནས་དང་གསོལ་སྨོན་གྱི་བྱ་བ་ཚད་ལྡན་ཞིག་སྒྲུབ་ཐུབ་ན། དེ་ལ་བརྟེན་ནས་སྐྱེ་འགྲོ་སྤྱི་དང་། ཁྱད་པར་འཚེ་བ་བྱེད་མཁན་རྣམས་ཀྱི་སྙིང་ལ་གཡོ་འགུལ་ཐེབས་པ་དང་། རྨོངས་གཉིད་སངས་ཤིང། སྡང་སེམས་ཞི་ནས་ཕན་ཚུན་བྱམས་བརྩེ་དང་། ཡིད་ཆེས་ཀྱི་སྒོ་ནས་འཆམ་མཐུན་གྱི་སྤྱི་ཚོགས་བཟང་པོ་ཞིག་སྐྲུན་ཐུབ་པའི་ཡིད་ཆེས་ཡོད། ལས་རིམ་ཞིབ་ཕྲ་རྗེས་སུ་འབུལ་རྒྱུ་བཅས་དེ་དོན་དགོངས་རོལ་འཚལ།
བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས།
ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༧ ལ།།