ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མངའ་སྡེ་ཝི་སེ་ཀོན་སིན་(Wisconsin) གྱི་གྲོང་ཁྱེར་མ་ཌེ་སོན་(Madison)ནང་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༢༠ རེས་གཟའ་ཉི་མའི་ཉིན་ཨ་ལན་ཊེ་ཨི་ནར་ཇིའི་སན་ཊར་ཀོ་ལི་སིམ་(Alliant Energy Center Coliseum) ཞེས་པའི་ཚོགས་ཁང་དུ་འཛམ་གླིང་གང་ས་ནས་ཕེབས་པའི་དད་ལྡན་གྱི་ཆོས་ཞུ་བ་སྟོང་ཕྲག་བཞི་ལྷག་ཙམ་ལ་རྒྱས་སྲས་ཆེན་པོ་ཞི་བ་ལྷས་ལྗགས་རྩོམ་མཛད་པའི་སྤྱོད་འཇུག་ཆེན་མོ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་ལྗགས་རྩོམ་མཛད་པའི་སྒོམ་རིམ་བར་པའི་བཀའ་ཆོས་བཀའ་དྲིན་སྐྱོང་འགོ་ཚུགས་ཡོད་པ་རེད།
ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༢༡ རེས་གཟའ་ཟླ་བ་ཉིན་གྱི་སྔ་དྲོ་ཆུ་ཚོད་གཉིས་ཙམ་བཀའ་ཆོས་སྩལ་གྲུབ་རྗེས་ཉིན་གུང་བར་སེང་སྐབས་ཝི་སེ་ཀོན་སིན་མངའ་སྡེའི་སྤྱི་ཁྱབ་མཆོག་ནས་ཉིན་གུང་གསོལ་ཚིགས་ལ་གདན་འདྲེན་ཞུས་པ་བཞིན་སྤྱི་ཁྱབ་ཀྱི་གཟིམ་ཤག་ཏུ་ཆིབས་སྒྱུར་བསྐྱངས་ཡོད་པ་རེད། སྐབས་དེར་སྤྱི་ཁྱབ་དང་ཁོང་གི་སྐུ་ཟླ། མངའ་སྡེ་དེའི་གནད་ཡོད་མི་སྣ་མང་པོ་ཞིག་གིས་ཕྱག་ཏུ་མཛའ་བརྩེའི་མཇལ་དར་བཟུང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།
ཐེངས་འདིའི་ཆིབས་སྒྱུར་སྐབས་གནད་ཡོད་མི་སྣ་མང་པོ་ཞིག་དང་མཇལ་འཕྲད་གནང་ཡོད་པ་རེད། མངའ་སྡེའི་སྤྱི་ཁྱབ་ནས་ཕེབས་བསུའི་གསུང་བཤད་ཅིག་གནང་བའི་ནང་གསུང་དོན། བོད་མིའི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ངོས་ཀྱི་སྡོད་ཁང་དུ་ཆིབས་སྒྱུར་ བསྐྱངས་པར་ངོས་བཟའ་ཚོ་གཉིས་ཧ་ཅང་གི་དགའ་པོ་བྱུང་། ཏཱ་ལའི་བླ་མ་མཆོག་ནི་ངོས་བཟའ་ཟླ་གཉིས་དང་། མ་ཌེ་སོན་གྱི་ཚོགས་སྡེ། ཝིསེ་ཀོན་སེན་མངའ་སྡེ་བཅས་ཀྱི་བློ་ཉེའི་གྲོགས་པོ་ཞིག་ཏུ་འགྱུར་ཡོད། ཅེས་དང་། མགོན་པོ་གང་ཉིད་ཀྱིས་འཛམ་གླིང་ཧྲིལ་པོའི་སྟེང་འགྲོ་བ་མིའི་ཐོབ་ཐང་སྲུང་ སྐྱོབ་གནང་བར་སྙིང་ཐག་པ་ནས་རྗེས་སུ་ཡི་རང་ཞུ་རྒྱུ་དང་། བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྤྱི་ཁྱབ་རྣམ་གཉིས་ཆུ་ཚོད་ ༡།༣༠ རིང་གསོལ་ཚིགས་ལྷན་བཞེས་ཀྱིས་བཀའ་མོལ་ལྷུག་པོ་མཛད་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྷན་རྒྱས་སུ་བཀའ་ཟུར་བཀྲ་ཤིས་ དབང་འདུས་མཆོག་དང་། ཨ་རིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་སྒྱུར་རི་དྭགས་ཚལ་ནང་པའི་ཆོས་ཚོགས་ ཀྱི་དབུ་ལྷ་དགེ་བཤེས་ལྷུན་གྲུབ་བཟོད་པ་མཆོག་སོགས་བསྡོམས་བོད་མི་ལྔ་དང་། སྤྱི་ཁྱབ་དང་ལྷན་དུ་གསོལ་ཚིགས་སུ་ཕེབས་མཁན་དགེ་རྒན་ཆེན་མོ་དང་། མཁས་དབང་། ཚན་རིག་པ་སོགས་མི་གྲངས་ ༡༡ བཅས་ཁྱོམ་བསྡོམས་མི་གྲངས་ ༡༦ ལ་གསོལ་སྟོན་བཤམས་ཡོད་པ་རེད།།