ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡ རེས་གཟའ་མིག་དམར།
༄༅། །རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་སྐུ་ཀོན་དྲོལ་ལིའི་ཛ་རསེ་(Condoleezza Rice)ཡིས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གསུམ་གྱི་ནང་རྒྱལ་དོན་འཚམས་འདྲི་གནང་བའི་ལས་འཆར་ཁོངས་ནས་ལས་འཆར་ཐ་མ་རྒྱ་ནག་ནང་ཉིན་གཉིས་ཀྱི་རྒྱལ་དོན་གཟིགས་སྐོར་ལ་ཕེབས་སྐབས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་དང་། སྲིད་བློན་ཝན་ཅ་བའོ་གཉིས་དང་མཇལ་འཕྲད་གནང་ཡོད་པ་རེད།
ལྕམ་སྐུ་ཀོན་དྲོལ་ལིའི་ཛ་རསེ་ཡིས་གསུང་དོན། ཐེངས་འདིའི་མཇལ་འཕྲད་སྐབས་རྒྱ་ནག་གཞུང་གིས་དོ་དམ་བྱས་པའི་རྒྱ་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་ཐ་དད་ཡིན་པ་ཁག་གཅིག་གི་གནད་དོན་སྐོར་དང་། རྒྱ་ནག་དམར་པོའི་སྲིད་གཞུང་གིས་འཕྲིན་གཏོང་དྲ་རྒྱའི་ཐོག་དམ་བསྒྲགས་བྱེད་ཀྱི་ཡོད་པ་བཅས་ཀྱི་སྐོར་ལ་གླེང་སློང་གནང་བ་ཡིན། ཞེས་གསུངས་ཡོད་ཅིང་། ཁོང་གིས་མུ་མཐུད་གསུང་དོན།འཕྲིན་གཏོང་དྲ་རྒྱ་ནི་དེང་དུས་ཧ་ཅང་དར་ཁྱབ་ཆེན་པོ་ཕྱིན་ཡོད་སྟབས་ཆབ་སྲིད་ཀྱི་གནད་དོན་དམ་བསྒྲགས་བྱེད་ཡུལ་ཞིག་རྩ་བ་ནས་མིན་པའི་གཏམ་བཤད་སྤེལ་ཡོད་སྐོར་བརྗོད་ཡོད་པ་རེད།
ལྕམ་སྐུ་ཀོན་དྲོལ་ལིའི་ཛ་རསེ་ཡིས་པེ་ཅིང་དུ་གསར་འགོད་པ་ཚོར་གསུང་དོན། ཉེ་ཆར་བོད་ནང་ཟིང་འཁྲུག་བྱུང་བའི་སྐོར་ལ་རྒྱ་ནག་གི་དཔོན་རིགས་ཚོ་དང་གླེང་སློང་གནང་བ་ཡིན། ཞེས་གསུངས་པ་དང་། བོད་རྒྱ་འབྲེལ་མོལ་ཐེངས་བདུན་པའི་ཐོག་ལ་ཁོང་གིས་གསུང་དོན། བོད་མིའི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་རྣམས་དང་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོའི་དབར་གྲོས་མོལ་བྱ་རྒྱུའི་ཐག་གཅོད་གནང་བ་དེར་གྲུབ་འབྲས་ཇི་འདྲ་ཞིག་ཐོན་རྒྱུ་ཡིན་མིན་ད་ལྟའི་ཆར་བརྗོད་རྒྱུ་ཁག་པོ་ཡིན་པ་འབྲེལ་བརྗོད་གནང་ཡོད་པ་དང་། ཁོང་གིས། ཉུང་མཐར་སྐུ་ཚབ་ཚོས་གྲོས་མོལ་ཐེངས་གཉིས་པ་དེ་བྱ་རྒྱུའི་ཐག་གཅོད་གནང་བར་ངོས་རང་དགའ་པོ་བྱུང་། ཞེས་གསུངས་པ་མ་ཟད། ཐེངས་འདིའི་གྲོས་མོལ་དེའི་ཐོག་ནས་བཟང་ཕྱོགས་ཀྱི་འཕེལ་རྒྱས་དང་གྲུབ་འབྲས་ཤིག་ཐོན་རྒྱུར་ངས་རེ་བ་བྱེད་ཀྱི་ཡོད། བོད་མིའི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་རང་བཙན་རྩོད་ལེན་གནང་གི་ཡོད་རེད། ཅེས་རྒྱ་ནག་གཞུང་གིས་སྐྱོན་འཛུགས་བྱས་དང་བྱེད་བཞིན་པ་དེར་ང་ཚོ་ཨ་རི་གཞུང་ངོས་ནས་ངོས་ལེན་མེད། ཅེས་ནན་བརྗོད་གནང་ཡོད་པ་རེད།
ད་དུང་ཁོང་གིས་མུ་མཐུད་གསུང་དོན། བོད་མིའི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཚེ་བའི་བྱ་སྤྱོད་ཀྱི་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་གནང་མཁན་ཞིག་ཡིན་པ་མ་ཟད། ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་མཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་གཅེས་འཛིན་གནང་རྒྱུའི་དོན་དུ་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་ལེན་གནང་གི་ཡོད་པ་ལས། བོད་རང་བཙན་རྩོད་ལེན་གནང་གི་མེད་པ་རེད། ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།།