ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་སྦ་རཀ་ཨོ་སྦ་མ་(Barack Obama )མཆོག་གིས་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༢༤ ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཕྲིན་ཡིག་ཅིག་ཕུལ་བའི་ནང་འཁོད་དོན།
ཏཱ་ལའི་བླ་མ་མཆོག སྐུ་ཉིད་ཟླ་འདིའི་ནང་ཨ་རིར་ཆིབས་སྒྱུར་བསྐྱངས་པའི་སྐབས་ངོས་ཕྱོགས་བསྐྱོད་བྱེད་བཞིན་པར་བརྟེན་མཇལ་འཕྲད་ཞུ་རྒྱུ་མ་བྱུང་བར་ངོས་རང་བློ་ཕམ་ཆེན་པོ་བྱུང་། ཡིན་ནའང་ངོས་ཀྱིས་གོ་སྐབས་འདི་བཟུང་ནས་སྐུ་ཉིད་ལ་གུས་བརྩི་ཆེན་པོ་དང་རྒྱབ་སྐྱོར་ཞུ་རྒྱུའི་འགན་ལེན་བསྐྱར་སྣོན་ཞུ་རྒྱུ་ཡིན།
ངོས་ཀྱི་གནས་བྲིས་དེ་དང་སྐུ་ཉིད་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མེཀ་ཁན་རྣམ་གཉིས་གནང་རྒྱུའི་མཇལ་འཕྲད་དེས་འདི་ལོའི་གལ་ཆེའི་འོས་བསྡུའི་བྲེལ་ཟིང་ཇི་འདྲ་ཞིག་ཡོད་རུང་ཨ་མི་རི་ཀས་བོད་མི་མང་ལ་དོ་སྣང་དང་རྒྱབ་སྐྱོར་ཇི་ཙམ་ཞུ་གི་ཡོད་པ་ཕྱི་གསལ་ནང་དང་ཡོངས་བསྒྲགས་ཡིན་པ་གསལ་པོ་ཆགས་པའི་རེ་བ་ཞུ་གི་ཡོད།
སྐུ་ཉིད་ཀྱི་སྐུ་ཚབ་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབར་འབྲེལ་མོལ་མུ་མཐུད་གནང་རྒྱུ་གོ་ཐོས་བྱུང་བས་ངོས་རང་དགའ་སྤོབས་སྐྱེས་བྱུང་། སྤྱིར་བོད་རྒྱ་འབྲེལ་མོལ་དེ་འགོར་པོ་དང་བོད་མི་ཚོར་དཀའ་སྡུག་མུ་མཐུད་མྱོང་སྲིད་ཀྱང་། གལ་ཏེ་ཕྱོགས་གཉིས་ཀས་ཀུན་སློང་བཟང་པོ་དང་ཕན་ཚུན་གཉིས་ཕན་གྱི་འདུ་ཤེས་བཅངས་ནས་འབྲེལ་ལམ་རྒྱུན་སྲིང་བྱ་ན་འབྲེལ་མོལ་གྲུབ་འབྲས་སོན་པའི་རེ་བ་ཞུ་གི་ཡོད། དེ་འདྲའི་འབྲེལ་ལམ་ཨོ་ལེམ་པིཀ་རྩེད་འགྲན་གྱི་རྗེས་སུ་མུ་མཐུད་རྒྱུའི་རེ་བ་ཞུ་གི་ཡོད་ལ་ངོས་ཀྱིས་དེ་ལ་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུའི་དམ་བཅའ་ཕུལ་གྱི་ཡོད། བོད་མི་ཚོར་ཉེས་པ་དང་རྐྱེན་ངན་གང་ཡང་མེད་པའི་ཐོག་རང་ཉིད་ཀྱི་ཆོས་ལུགས་ལ་དད་པ་བྱ་རྒྱུའི་ཐོབ་ཐང་ངེས་པར་དུ་སྤྲོད་དགོས་ཀྱི་རེད། ངོས་ཀྱིས་རྒྱ་ནག་གཞུང་ལ་དྭོགས་པ་ཕར་འཇོག་ནས་སོ་སོའི་རྩ་ཁྲིམས་གཞིར་བཟུང་བྱ་དགོས་པའི་སྐུལ་མ་མུ་མཐུད་གཏོང་རྒྱུ་ཡིན། ཞེས་དང་མཐའ་མཇུག་ཏུ་ཁོང་གིས། ངོས་ཀྱིས་མུ་མཐུད་ནས་སྐུ་ཉིད་དང་བོད་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཆོས་ལུགས་རིས་མེིད་ཀྱི་མི་མང་ཡོངས་ནས་སྐུ་ཉིད་ཀྱིས་གང་གནང་བཞིན་པ་དང་ལངས་ཕྱོགས་གང་ཡིན་པ་དེར་རྗེས་སུ་ཡི་རངས་ཞུ་གི་ཡོད་རེད། སྐུ་ཉིད་དང་སླད་ཕྱིན་མཇལ་བའི་རེ་བ་ཡོད། ཅེས་བཀོད་ཡོད་པ་རེད།གནས་འཕྲིན་དེ་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༢༧ ཉིན་ཨ་རིའི་གཞུང་ཚབ་ཟུར་པ་སྐུ་ཞབས་ཇི་ཕི་རི་བ་ཌར་(Jeffery Bader) གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་གནང་ཡོད་པ་རེད།།