ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བྱང་ཨ་རིའི་ནང་བརྟེན་གཞི་བྱས་པའི་བོད་རིགས་རྣམས་ཀྱིས་ཕྱི་ལོ་ ༢༠༠༨ ཕྱིཟླ་ ༧ ཚེས་ ༢༤ རེས་གཟའ་ཕུར་བུ་ཉིན་བརྟན་བཞུགས་འདེགས་འབུལ་ཞུས་ཡོད་པ་རེད། ཉིན་དེའི་སྔ་དྲོ་ཆུ་ཚོད་ ༩ པ་ཙམ་ལ་མཛད་སྒོ་དངོས་གཞི་དབུ་འཛུགས་གནང་ཡོད་པ་དང་། མཛད་སྒོའི་ཐོག་མར་ས་གནས་དེ་དང་། མིན་ནི་སོ་ཊཱ། ཁེ་ན་ཌ་བཅས་ནས་ཕེབས་པའི་བོད་མི་རྣམས་ནས་འཁྲབ་སྟོན་དང་། བཀྲ་ཤིས་ཞོལ་པ་བཅས་ཀྱིས་ཕེབས་བསུ་ཞུས་ཡོད་པ་རེད། མཛད་སྒོའི་ཐོག་བཅར་མཁན་རྣམས་ལ་གསོལ་ཇ་འབྲས་བསིལ་བཀྱགས་ཡོད་པ་རེད།
ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་དེ་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་ཐོག་ནས་ འདེགས་འབུལ་ཞུས་ཡོད་པ་དང་། བརྟན་བཞུགས་བསྟར་འབུལ་འདེགས་འབུལ་ཐོག་ཆེད་དུ་མགྲོན་འབོད་གནང་བའི་བཙན་བྱོལ་ བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་མལ་ལྗགས་ བཤད་ཕུལ་ཡོད་པ་རེད། དེ་རྗེས་བྱང་ཨ་རིའི་ནང་ཡོད་པའི་ས་གནས་སོ་སོའི་སྐུ་ཚབ་རྣམས་ཀྱིས་འབུལ་བ་ འདེགས་འབུལ་ཞུ་སྐབས་བོད་དང་། ཨ་རི། ཁེ་ན་ཌ་བཅས་ཀྱི་རྒྱལ་དར་ཡང་ལྷན་དུ་འཁྱེར་ཡོད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་རས་སྩལ་བའི་མང་གཙོའི་ལམ་བུའི་སྟེང་གང་ལེགས་བསྐྱོད་ཐུབ་ཐབས་དང་། བྱང་ཨ་རིའི་ནང་ཡོད་པའི་བོད་མི་ ༡༢༠༠༠ ཙམ་གྱིས་དང་བླངས་དཔྱ་ཁྲལ་བསྡུ་རྒྱུའི་ཐད་ལ་འབད་བརྩོན་གནང་རྒྱུ། བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མིའི་སྙིང་སྟོབས་ལ་བསྔགས་བརྗོད་དང་སྦྲགས་བོད་ནང་གི་བོད་མི་ཚོའི་ཤེས་ཡོན་དང་འཕྲོད་བསྟེན་ཡར་རྒྱས་གཏོང་སླད་རོགས་རམ་གནང་རྒྱུ་སོགས་ཀྱི་ཁས་ལེན་དམ་བཅའ་ཕུལ་ཡོད་པ་རེད།
བརྟན་བཞུགས་འདེགས་འབུལ་ཞུས་གྲུབ་རྗེས་ཕྱེད་ཡོལ་ཆུ་ཚོད་ ༢ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་རྣམས་ལ་དམིགས་བསལ་གྱི་བཀའ་སློབ་ཕེབས་ཡོད་པ་དང་། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་། བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག བྱང་ཨ་རིའི་སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་བཅས་ནས་ཀྱང་གསུང་བཤད་གནང་ཡོད་པ་རེད།།