ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༨ རེས་གཟའ་མིག་དམར་ཉིན་རྒྱ་གར་ནུབ་ཕྱོགས་མངའ་སྡེ་ར་ཇསེ་ཐན་གྱི་གྲོང་ཁྱེར་ཨ་ཇ་མིར་ཞེས་པར་ཆིབས་སྒྱུར་སྐབས་གསར་འགོད་པ་ཚོར་བཀའ་སློབ་སྩལ་དོན། རྒྱ་ནག་གཞུང་གིས་བོད་ཀྱི་ཕ་མེས་ཀྱི་རིག་གཞུང་དང་། སྲོལ་རྒྱུན་གྱི་རིག་གཞུང་བཅས་རྩ་བ་ནས་བསམ་ཤེས་ཐུབ་ཡོད་པ་མ་རེད། དཀའ་རྙོག་ཚང་མའི་གཞི་རྩའི་རྒྱུ་རྐྱེན་གཙོ་བ་དེ་རེད། ཡིན་ནའང་ཁོང་ཚོས་རྙོག་འཛིང་དེ་དག་གི་འགན་འཁྲི་ངོས་ལ་བཙུགས་ཀྱི་ཡོད་པ་རེད། ཅེས་བཀའ་ཕེབས་ཡོད་པ་རེད།
རྒྱ་ནག་གཞུང་ཕྱོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱིར་ལོག་བྱས་ཚེ་གོ་གནས་བསྐྱར་བཟོ་ཐུབ་ཀྱི་རེད། ཅེས་བརྗོད་པར་༸གོངས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞལ་བཞེས་མཛད་མེད་དོན་ནི། བོད་ཀྱི་གནད་དོན་དེ་ནི་བོད་མི་ས་ཡ་དྲུག་གི་མ་འོངས་པའི་གནད་དོན་ཞིག་ཡིན་པ་ལས་༸གོང་ས་མཆོག་གི་གོ་གནས་ཆེད་མིན་པར་ཐུགས་སྣང་ཆེན་པོ་གནང་བའི་རྐྱེན་གྱིས་ཡིན།
༡༩༥༩ ལོའི་དུས་ཟིང་མ་བྱུང་སྔོན་རྒྱ་ནག་དང་བོད་ཀྱི་དབར་ཆིངས་ཡིག་དོན་ཚན་ ༡༧ ཞེས་པ་ཞིག་བཞག་ཡོད་པ་རེད། འོན་ཀྱང་རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་རིག་གཞུང་ཁོངས་སུ་རྟོགས་མི་ཐུབ་པའི་རྐྱེན་གྱིས་དུས་ཟིང་དེ་ཉེན་ཚབས་ཆེ་རུ་ཕྱིན་པ་ཞིག་རེད། ཅེས་༸གོང་ས་མཆོག་གི་བཀའ་ཕེབས་ཡོད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྐྱར་བརྗོད་གནང་དོན། ཕྱི་ལོ་ ༡༩༨༠ ནང་རྒྱ་ནག་གཞུང་གིས་ཁོང་ཚོའི་ལངས་ཕྱོགས་ཞི་འཇམ་དང་གུ་ཡངས་སུ་བཏང་ཡོད་ཀྱང་། ཕན་ཐོགས་ཅན་གྱི་གནས་སྟངས་དེ་ཡུན་རིང་རྒྱུན་འཁྱོངས་བྱེད་མ་ཐུབ་པར་དཀའ་རྙོག་མཐའ་གཅིག་ཏུ་སེལ་ཐུབ་པའི་ཐབས་ལམ་ཞིག་བྱུང་མེད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༩ རེས་གཟའ་ལྷྷག་པའི་ཉིན་སུ་ཕི་(Sufi)ཡི་བང་སོར་ཐུགས་སྨོན་གསོལ་འདེབས་མཛད་ཡོད་པ་རེད།