ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༠༤ ལོར་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་”གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ནང་། གཞི་རིམ་གོང་མ་བར་གྱི་སློབ་ཚན་དང་ལས་རིམ་གྱི་ནང་དོན་རྣམས་ཤེས་ཡོན་གྱི་སྲིད་བྱུས་གཞི་བཟུང་གོ་རིམ་དང་འབྲེལ་བ་མཐར་ཆགས་སུ་འགོད་སྒྲིག་གང་ཐུབ་དགོས་རྒྱུ། དེའི་ཆེད་དུ་གཅིག་གྱུར་གྱི་བསླབ་གཞིའི་རྩ་འཛིན་ལས་རིམ་བཟོ་འགོད་ཚོགས་ཆུང་ཞིག་ཆེད་འཛུགས་བྱ་རྒྱུ་”ཞེས་གསལ་བ་བཞིན། བོད་མིའི་གནས་སྟངས་དང་འཚམས་པའི་སློབ་ཁྲིད་རྩ་འཛིན་དང་སློབ་ཚན་འཆར་འགོད་གཏན་འབེབས་བྱ་སླད། ཕྱི་ལོ་ ༢༠༠༦ ཟླ་ ༩ ཚེས་ ༤ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཚོགས་མི་བརྒྱད་ལས་གྲུབ་པའི་ཚོགས་ཆུང་ཞིག་ཆེད་འཛུགས་གནང་སྟེ། སྔོན་འགྲོ་དང་གཞི་རིམ་འོག་མའི་སློབ་ཚན་ཡོངས་ཀྱི་བསླབ་གཞིའི་རྩ་འཛིན་བཟོ་བཀོད་གནང་བ་བརྒྱུད་ཕྱི་ལོ་ ༢༠༠༧ ཟླ་ ༥ ཚེས་ ༡༥ ཉིན་ཚོགས་ཆུང་གིས་ཕུལ་བའི་མ་ཟིན་ལ་ཤེས་རིག་ལས་ཁུངས་ནས་ཐུགས་ཞིབ་དང་འབྲེལ་དཔལ་ལྡན་བཀའ་ཤག་ལ་གཏན་འབེབས་ཆེད་རྒྱབ་གཉེར་ཞུས། ཕྱི་ལོ་༢༠༠༨ ཟླ་༤ ཚེས་ ༣ ཉིན་དཔལ་ལྡན་བཀའ་ཤག་ནས་གཏན་འབེབས་བཀའ་འཁྲོལ་དང་ཆབས་ཅིག་ལག་ལེན་བཀོད་ཁྱབ་བྱ་དགོས་ཕེབས་དོན་ལྟར། ཕྱི་ལོ་ ༢༠༠༨ ཟླ་༧ ཚེས་༢༠ ཉིན་ཤེས་རིག་ལས་ཁུངས་ནས་ “བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སྔོན་འགྲོ་དང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་“ཞེས་པའི་སྲིད་བྱུས་ཀྱི་ཆ་ལག་གལ་ཆེན་དེ་ཉིད་ཡོངས་ཁྱབ་དྲིལ་བསྒྲགས་དང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ལ་ལག་བསྟར་དགོས་པའི་གཞུང་འབྲེལ་བཀོད་ཁྱབ་གནང་།།
རྩ་འཛིན་འདིའི་ནང་དོན་དང་། ད་ཡོད་སྔོན་འགྲོ་དང་གཞི་རིམ་འོག་མའི་སློབ་ཚན་དབར་ནང་དོན་གྱི་ཆ་ནས་ཧེ་བག་དེ་ཙམ་མེད་པས། ཤེས་ཡོན་སྲིད་བྱུས་ལག་བསྟར་གྱི་བརྒྱུད་རིམ་ཁྲོད་ད་ལྟའི་གཞི་རིམ་སློབ་གྲྭའི་བསླབ་གཞི་ལ་འཕོ་འགྱུར་ཆེན་པོ་གཏོང་མི་དགོས་པ་དང་། ད་ལྟའི་སློབ་ཁྲིད་བྱེད་སྟངས་ལ་འཕོ་འགྱུར་གཏོང་གལ་ཆེ་བའི་སྲིད་བྱུས་ཀྱི་གཞི་རྩའི་དམིགས་དོན་དམ་འཛིན་གནང་ཡོད། དེར་བརྟེན། རྩ་འཛིན་དེ་ལ་བརྟེན་ནས་ད་ལྟའི་གཞི་རིམ་སློབ་གྲྭའི་སློབ་དེབ་ལ་འགྱུར་བ་དེ་ཙམ་མི་ཐེབས་ཀྱང་། དགེ་རྒན་གྱིས་སློབ་ཁྲིད་གནང་སྟངས་དང་། སློབ་མས་སློབ་སྦྱོང་བྱེད་ཕྱོགས། སྦྱང་གཞི་དང་སྦྱངས་འབྲས་ལ་གདེང་འཇོག་བྱེད་ཕྱོགས་སོགས་ཀྱི་ཐད་ཤེས་ཡོན་སྲིད་བྱུས་གྱི་འབྲུ་དོན་གཞིར་བཟུང་ད་ལྟའི་འདུ་ཤེས་དང་ཁ་ཕྱོགས་ཁག་འགྱུར་བ་གཏོང་དགོས་པའི་ལམ་སྟོན་གསལ་ནན་བྱས་ཡོད་འདུག
སློབ་དེབ་བྱེ་བྲག་པ་ཞིག་ལ་བརྟེན་ནས་སློབ་མའི་ཤེས་ཡོན་ལ་ཚད་འཇལ་དང་། སློབ་ཁྲིད་ཀྱི་ཁ་ཕྱོགས་དང་ནང་དོན་གཏན་འབེབས་ཡོང་ཐབས་མེད་གཤིས། བསླབ་གཞིའི་རྩ་འཛིན་ནང་འཛིན་རིམ་སོ་སོའི་བསླབ་གཞིའི་ནང་དོན་སྐོར་ཡང་བརྡ་སྟོན་བྱས་ཡོད་པས་དེ་དག་རྩ་འཛིན་གྱིས་སློབ་ཁྲིད་དང་། སློབ་དེབ་རྩོམ་སྒྲིག གྲུབ་འབྲས་གདེང་ཞིབ་བཅས་བྱ་དགོས་པ་བཅས། མདོར་ན་སློབ་དེབ་གཙོ་འཛིན་གྱི་རྣམ་པ་ལས་ལྡོག་སྟེ། བསླབ་གཞི་གཙོ་འཛིན་གྱི་རྣམ་པ་གསལ་གཏོད་བྱས་ཡོད།
གལ་ཆེའི་ཡིག་ཆ་དེ་མང་ཚོགས་ཁྲོད་ཡོངས་ཁྱབ་ཤེས་རྟོགས་ཡོང་སླད་དང་། རྩ་ཆེའི་དགོངས་འཆར་གནང་བདེའི་སླད། ཤེས་རིག་ལས་ཁུངས་དྲ་རྒྱ་www.sherig.orgནང་ཡིག་ཆ་ཆ་ཚང་བཞག་ཡོད་པས་ཐུགས་ཞིབ་དང་འདྲ་བཤུས་བཞེས་འཐུས་འདུག་པ་བཅས་ཀྱི་གནས་ཚུལ་དུ།།