ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡༦ ཉིན་ཆུ་ཚོད་ ༡༡ ཐོག་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་དང་། ཕྱག་རོགས་དྲུང་འཕར་ནོང་བུ་དོན་ལྡན་ལགས་བཅས་སྦིར་ཅོན་ཏཱ་ར་རྫོང་གསར་བཤད་གྲྭར་ཕེབས་འབྱོར་གནང་ཡོད་པ་དང་། ཆུ་ཚོད་ ༢ ཐོག་སྐྱབས་རྗེ་མཁན་ཆེན་ཞི་བར་གཤེགས་པ་ངག་དབང་ཀུན་དགའ་དབང་ཕྱུག་རིན་པོ་ཆེའི་ཞེ་དགུའི་དགོངས་རྫོགས་མཆོད་འབུལ་ཐོག་ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་མཆོག་ཚོགས་མགོན་དུ་གདན་ཞུའི་སྐབས་མཉམ་བཅར་དང་འབྲེལ། མཁན་ཆེན་མཆོག་བཞུགས་ཁྲིར་འཁོད་མཚམས་བཀའ་བློན་མཆོག་ནས་མཇལ་དར་རྟེན་དོད་ཕུལ་གྲུབ་མཚམས་འདུས་ཚོགས་ནས་དགོངས་རྫོགས་མཆོད་འབུལ་དུ་ས་པཎ་བླ་མཆོག་དང་འབྲེལ་བའི་ཚོགས་མཆོད་དབུ་འཛུགས་གསུང་མུར་གསོལ་ཇ་ཞལ་ཟས་འདེགས་འབུལ་ཞུས་རྗེས། མཎྜལ་དབུ་སྐུལ་སྐབས་བཀའ་བློན་མཆོག་ནས་མཁན་ཆེན་མཆོག་ལ་མཎྜལ་སྐུ་གསུང་ཐུགས་རྟེན་དང་འབུལ་མཚོན་འདེགས་འབུལ་ཞུས། བཤད་གྲྭའི་མཁན་རིན་ཆེ་མཆོག་ནས་ཀྱང་རྟེན་གསུམ་འདེགས་འབུལ་ཞུ་སྐབས་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ནས་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་དང་། འདུས་ཚོགས་སུ་བསྙེན་བཀུར་མང་ཇ། སྐུ་འགྱེད་བཅས་འབུལ་ལམ་ཞུས་ཏེ་ཉིན་དེའི་བྱེད་སྒོ་ཁག་ལེགས་པར་གྲུབ་པའི་གསར་གནས་མདོར་བསྡུས་སུ།།