༠༨།༧།༢༨
གསེར་མཐར་རྫོང་ཁོངས་ནས་མི་གསུམ་འཛིན་བཟུང་བྱས་པ། ཕྱི་ཟླ་ ༧ ཚེས་ ༡༥ ཉིན་དཀར་མཛེས་ས་ཁུལ་གསེར་མཐར་རྫོང་ཁོངས་མགོ་མཆོག་སྡེ་བའི་མི་སྐྱ་ལྷ་རྒྱལ་དང་། དེ་བཞིན་ཟླ་ ༧ ཚེས་ ༥ ཉིན་དཀྱིལ་རུ་འགོ་བ་ནས་ཡིན་པའི་བསྟན་དར། ཕྱི་ཟླ་ ༧ ཚེས་ ༥།༦ གང་རུང་ཞིག་ལ་རྐང་ཚ་སྡེ་བའི་བསོད་ལོ་(བསོ་ལོ་)བཅས་གསུམ་པོ་རྫོང་འབྲེལ་ཡོད་ཚན་པས་འདི་ལོའི་ཕྱི་ཟླ་ ༣ པའི་དོན་རྐྱེན་གྱི་ཉེས་མིང་འོག་འཛིན་བཟུང་བྱས་འདུག
མནར་གཅོད་རྐྱེན་པས་དཀར་མཛེས་གདུ་ར་གྲོང་ཚོའི་མ་ཞིག་རང་བཞིན་གྲོངས་པ། ཕྱི་ཟླ་ ༦ ཚེས་ ༢༧ ཉིན་ཁམས་དཀར་མཛེས་རྫོང་གདུ་ར་གྲོང་ཚོ་ནས་ཡིན་པའི་བྲག་དཀར་བཙུན་དགོན་གྱི་བཙུན་མ་རང་ལོ་ ༣༨ དུ་སོན་པའི་བཙུན་མ་ཚེ་དབང་མཁའ་འགྲོའི་མ་སྐལ་བཟང་ལྷ་མོ་རྒྱ་གཞུང་འབྲེལ་ཡོད་ཚན་པའི་བསུན་གཙེར་ཚད་མེད་བཟོས་པ་དང་། ཁོ་མོའི་བོུ་འཛིན་བཟུང་བྱས་པ། དེ་བཞིན་ས་གནས་ཀྱི་བོད་མི་གང་བྱུང་འཛིན་བཟུང་བྱས་པ་སོགས་ཀྱི་མནར་གཅོད་དང་སྡུག་བསྔལ་ལ་མི་བཟོད་པར་རང་བཞིན་འདས་གྲོངས་སོང་འདུག འདས་གྲོངས་སོང་སྐབས་ཀྱི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་མི་འདུག
བྲག་འགོ་རྫོང་མདའ་མདོ་ཤང་གི་བོད་མི་ཁག་ཅིག་ནས་ཞི་རྒོལ་བྱས་པ། ཕྱི་ཟླ་ ༦ ཚེས་ ༡༦ ཉིན་བྲག་འགོ་རྫོང་མདའ་མདོ་ཤང་གི་བོད་མི་ཁག་ཅིག་ནས་བོད་རང་བཙན་ཡིན། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་འཁོད་པའི་ཡིག་ཆ་འགྲེམས་སྤེལ་དང་སྦྲགས་སྐད་འབོད་བྱས་རྗེས་སྐད་འབོད་བྱེད་མཁན་རྣམས་རི་ལ་བྲོས་སྟབས་ཁོང་ཚོར་འཛིན་བཟུང་བྱས་ཐུབ་མི་འདུག ཞིབ་ཕྲའི་གནས་ཚུལ་ཁ་གསལ་མི་འདུག
དཀར་མཛེས་རྫོང་ཐོག་ཏུ་བོད་མི་གཉིས་ཀྱིས་ཞི་རྒོལ་བྱས་པ། ཕྱི་ཟླ་ ༦ ཚེས་ ༡༡ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཙམ་ལ་ཁམས་དཀར་མཛེས་རྫོང་ཐོག་ཏུ་བློ་བཟང་རང་ལོ་ ༢༠ སྐྱེས་ཡུལ་བྲག་འགོ་ལྕོག་རི་ས་གནས་དང་། ཁོང་གི་གཅེན་པོ་རྡོ་རྗེ་རང་ལོ་ ༣༠ དཀར་མཛེས་རྩག་ལེགས་གྲོང་གཉིས་ཀྱིས་ཡིག་ཆ་འགྲེམས་བཞིན་བོད་ཀྱི་བདག་པོ་བོད་མི་ཡིན། ༸རྒྱལ་བ་རིན་པ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་སོགས་ཀྱི་སྐད་འབོད་བྱེད་སྐབས་དྲག་ཆས་ཉེན་རྟོག་པས་དྲག་གནོན་བྱས་རྐྱེན་རྡོ་རྗེའི་རྐང་པར་མེ་མདའ་ཕོག་པ་སོགས་ཀྱི་རྨས་སྐྱོན་ཤོར་མིན་ལ་མ་ལྟོས་པར་གཉིས་ཀ་འཛིན་བཟུང་བྱས་འདུག
བོད་མི་ཁག་ཅིག་གིས་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་པ། ཕྱི་ཟླ་ ༦ པའི་ནང་ཁམས་དཀར་མཛེས་སྒང་སྟེང་གྲོང་གི་རང་ལོ་ ༡༩ སོན་པའི་བཀྲིས་རྡོ་རྗེ་དང་། ཕུག་ཡུལ་ནང་གྲོང་ནས་ཡིན་པའི་ཐུབ་བསྟན་ཕུན་ཚོགས་གཉིས་ནས་རྫོང་ཐོག་ཏུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་རྗེས་ས་གནས་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱས་འདུག སྐབས་དེར་ཞི་རྒོལ་དུ་ཞུགས་མཁན་གཞན་ཁག་ཅིག་ཡོད་འདུག་ཀྱང་ཁོང་ཚོའི་མིང་སོགས་ཤེས་རྟོགས་མི་འདུག
འཛིན་བཟུང་བྱས་པའི་རྔ་བ་རྫོང་ཁོངས་ཀྱི་བོད་མི་ཁག་ཅིག་གར་ཡོད་ཆ་མེད་དུ་གྱུར་བ། ཕྱི་ཟླ་ ༣ པའི་ནང་ཨ་མདོ་རྔ་བ་རྫོང་ཁོངས་རྔ་སྨད་བློ་རྟ་ཤང་གི་བོད་མི་ ༡༨ ཙམ་འཛིན་བཟུང་བྱས་ཡོད་པ་རྣམས་ད་ལྟ་གར་ཡོད་ཤེས་རྟོགས་རྩ་བ་ནས་མེད་པར་གྱུར་ཡོད་འདུག དེ་མིན་རྔ་སྨད་ཨ་ཁམས་ཁྱམས་ཤང་གི་མི་ ༥ ཡང་དེ་སྔ་ཕྱི་ཟླ་ ༣ ནང་འཛིན་བཟུང་བྱས་རྗེས་གར་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་འདུག