༠༨།༧།༢༦
རྫོགས་ཆེན་དགོན་པའི་གྲྭ་མང་དང་རྒྱ་དམག་དབར་འཁྲུག་འཛིང་བྱུང་བ། ཕྱི་ཟླ་ ༧ ཚེས་ ༡༨ ཉིན་ཁམས་དཔལ་ཡུལ་རྫོང་ཁོངས་སུ་ཡོད་པའི་རྫོགས་ཆེན་དགོན་དུ་གྲྭ་མང་དང་རྒྱ་དམག་དབར་འཁྲུག་འཛིང་བྱུང་འདུག གནས་ཚུལ་དེའི་འབྱུང་རྐྱེན་གཙོ་བོ་ནི། འདི་ལོའི་ཟླ་༣ པ་ནས་བཟུང་རྫོགས་ཆེན་དུ་རྒྱ་དམག་ཧ་ཅང་མང་པོ་འབྱོར་ཡོད་པ་ཚོས་བོད་ཆས་སྤྲས་ནས་དགོན་པའི་གྲྭ་བ་དང་སྡེ་བའི་མི་མང་གིས་རྩ་ཆེན་དུ་བརྩི་བའི་གནས་ཆེན་རི་དམ་ལུང་ཞེས་པ་ནགས་ཀླུང་སྟུག་ཅིང་རྩ་ཆེའི་རི་དྭགས་དང་གཅན་གཟན་མང་བའི་ས་ཁུལ་དེར་རྔོན་པ་བརྒྱབས་པར་བརྟེན། བླ་མ་མཚམས་པ་ཞིག་གིས་ཁོ་ཚོར་རྔོན་པ་རྒྱག་མི་ཆོག་ཚུལ་ནན་བརྗོད་བྱས་པར་རྒྱ་དམག་གིས་ཁོང་ལ་རྡུང་རྡེག་ཚབས་ཆེན་བཏང་ཡོད་འདུག དེའི་སྐོར་ཉིན་རྒྱབ་ཆུ་ཚོད་ ༣།༠༠ ཙམ་ལ་དགེ་འདུན་པ་རྣམས་ཀྱིས་ཤེས་རྟོགས་བྱུང་རྗེས་ཤང་ཐོག་ཏུ་སོང་ནས་གནས་ཚུལ་ཡང་ཞུ་བྱས་འདུག འོན་ཀྱང་དེར་འབྲེལ་ཡོད་དཔོན་རིགས་ཚོས་དང་ལེན་མ་བྱས་པར་བརྟེན། མཐར་དགེ་འདུན་པ་དང་རྒྱ་དམག་དབར་འཁྲུག་འཛིང་ཤོར་ཏེ་དགེ་འདུན་པ་ཁག་ཅིག་ལ་མེ་མདའ་ཕོག་ཡོད་འདུག རྗེས་སུ་བླ་ཆེན་ཁག་ཅིག་ནས་བར་འདུམ་གནང་སྟེ་གནས་སྐབས་ལྷིང་འཇགས་བྱུང་ཡོད་འདུག ཞིབ་ཕྲའི་གནས་ཚུལ་ཁ་གསལ་མི་འདུག
ཨ་ཀྲུག་སྐལ་རྒྱམ་ལགས་ལ་ལོ་ལྔའི་ཁྲིམས་ཐག་བཅད་པ། ཕྱི་ཟླ་ ༧ ཚེས་ ༡༤ ཉིན་ཁམས་དར་རྩེ་མདོ་ཁུལ་འབྲེལ་ཡོད་ཁྲིམས་ཁང་ཀྱིས་ལི་ཐང་རྫོང་ཁོངས་ནས་འཛིན་བཟུང་བྱས་པའི་རུང་རྒྱས་ཨ་གྲགས་ཀྱི་ཚ་བོ་ཨ་ཀྲུག་སྐལ་རྒྱམ་ལགས་ལ་ལོ་ངོ་ལྔའི་དུས་བཀག་ཁྲིམས་ཐག་བཅད་འདུག སྐལ་རྒྱམ་ལགས་དེ་སྔ་འཛིན་བཟུང་བྱས་རྐྱེན་ནི། སྔ་ལོའི་ཟླ་༨ ཚེས་༡ ཉིན་ལི་ཐང་རྟ་རྒྱུགས་དུས་ཆེན་མཛད་སྒོའི་སྐབས་རུང་རྒྱས་ཨ་གྲགས་ལགས་ཀྱིས་སྡིངས་ཆའི་སྟེང་ཐོན་ཏེ་ངོ་རྒོལ་སྐད་འབོད་བྱས་པར་སྐབས་འཕྲལ་འཛིན་བཟུང་བྱས་རྗེས་ལི་ཐང་རྫོང་ཁོངས་ཀྱི་དགོན་སྡེ་ཁག་དང་མི་མང་ཚང་མར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཤུགས་ཆེ་སྤེལ་བ་ལྟར། མཁར་ཤུལ་སྡེ་བར་སློབ་གསོའི་ལས་འགུལ་སྤེལ་སྐབས་སྐལ་རྒྱམ་ལགས་ནས་མང་ཚོགས་ཁྲོད་ནས་ཡར་ལངས་ཏེ་རང་ཉིད་ཀྱི་བསམ་ཚུལ་ལྷུག་པོར་བཤད་དེ་སློབ་གསོའི་ལས་འགུལ་དང་ལེན་བྱེད་ཐབས་མེད་པའི་ངོ་རྒོལ་གནང་བར་བརྟེན། སྔ་ལོའི་ཕྱི་ཟླ་༩ ཚེས་ཤར་དུ་འབྲེལ་ཡོད་ཚན་པས་ཁོང་འཛིན་བཟུང་གིས་ད་བར་བཀག་ཉར་བྱས་ཏེ་ད་ལམ་ཁྲིམས་ཐག་བཅད་ཡོད་པ་རེད།
སྡེ་དགེ་དགོན་ཆེན་དུ་འབར་རྫས་གས་རྗེས་དམ་བསྒྲགས་ཆེ་རུ་བཏང་བ། ཕྱི་ཟླ་ ༧ ཚེས་ ༡༢ ཡས་མས་ཀྱི་ཉིན་དགུང་ཡོལ་ཙམ་དུ་ཁམས་སྡེ་དགེ་རྫོང་གི་སྡེ་དགེ་དགོན་ཆེན་དུ་འབར་རྫས་ཤུགས་ཆེ་ཞིག་གས་ལུགས་རྐྱེན་གྱིས་གྲྭ་བ་གཉིས་འདས་གྲོངས་གྱུར་བ་དང་། གཞན་གྲྭ་བ་བཞི་ལ་རྨས་སྐྱོན་ཚབས་ཆེ་ཕོག་པའི་གནས་ཚུལ་བྱུང་རྗེས་ས་གནས་འབྲེལ་ཡོད་ཚན་པས་སྡེ་དགེ་དགོན་ཆེན་གྱི་ཉེ་ཁུལ་སོགས་སུ་མི་གཉིས་ལས་མང་བ་འདུ་འཛོམས་མི་ཆོག་པ་དང་། ཕྱི་ཕྱོགས་སུ་གནས་ཚུལ་ཁྱབ་གྱུར་དོགས་ཟོན་ཆེན་པོ་བྱས་ཏེ་བརྒྱུད་ལམ་ཡོད་ཚད་ལ་དམ་དྲག་ཤུགས་ཆེ་སོགས་བྱེད་བཞིན་ཡོད་པར་བརྟེན། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་དཀའ་བ་རེད་འདུག
ངོ་རྒོལ་བྱ་འཆར་གྱི་དོགས་གཞིའི་འོག་མི་བཞི་འཛིན་བཟུང་བྱས་པ། ཕྱི་ཟླ་ ༦ ཚེས་ ༢༩ ཉིན་ཁམས་ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་ཁོངས་སྒེས་ནང་ཞེས་པའི་ས་གནས་སུ་མི་མང་གིས་དབྱར་རྩ་དགུན་འབུ་བརྐོས་ཟིན་པའི་རྗེས་སུ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འཆར་ཡོད་པར་དོགས་གཞི་བྱུང་སྟེ་ཚེ་རྒྱལ་སོགས་བོད་མི་བཞི་འཛིན་བཟུང་བྱས་འདུག གནས་ཚུལ་དེའི་རྐྱེན་གྱིས་ཟླ་ ༦ ཚེས་ ༣༡ ཉིན་ས་གནས་མང་ཚོགས་ཀྱིས་བོད་མི་བཞི་པོ་གློད་གྲོལ་གཏོང་དགོས་སྐོར་ས་གནས་འབྲེལ་ཡོད་ཚན་པར་འབོད་སྐུལ་བྱེད་སྐབས་སླར་ཡང་བོད་མི་ ༣༢ ཙམ་འཛིན་བཟུང་བྱས་ཀྱང་། མཐར་བོད་མི་ ༧ མ་གཏོགས་གཞན་རྣམས་གློད་གྲོལ་བཏང་ཡོད་འདུག ད་ལྟ་འཛིན་བཟུང་དུ་ཡོད་པའི་མི་བདུན་པོ་ནི། དཔར་ར་ཚང་ཚེ་རྒྱལ་དང་། སྨོ་མོ་ཚང་འཇམ་དབྱངས་ཚེ་རིང་། ཨ་ཉོག དཔལ་ཆེན། ཚེ་རིང་། མཆོག་སྒྲུབ། བསོད་ནམས་དར་རྒྱས་བཅས་ཡིན་འདུག ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མེད།
རྨ་ཆུ་རྫོང་གི་བོད་མི་གསུམ་ལ་དུས་བཀག་བཙོན་བཅུག་གི་ཁྲིམས་ཐག་བཅད་པ། ཕྱི་ཟླ་ ༦ ཚེས་ ༡༥ ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་རྨ་ཆུ་རྫོང་གི་བོད་མི་གསུམ་ལ་དུས་བཀག་བཙོན་བཅུག་གི་ཁྲིམས་ཐག་བཅད་འདུག དེ་ཡང་། ནུར་མ་གོང་མའི་སྒྲོལ་སྐྱབས་ཚང་གི་རང་ལོ་ ༢༠ སོན་པའི་བླ་མ་སྐྱབས་ལ་ལོ་ ༡༥ དང་། རོང་མཆོག་ཚང་གི་རང་ལོ་ ༣༠ སོན་པའི་མཁས་མཆོག་ཁྲིམས་ཐག་ལ་ལོ་ ༡༣ ནུར་མ་ཞོལ་མའི་རང་ལོ་༡༦ སོན་པའི་དཀོན་མཆོག་ལ་ལོ་ ༡༢ བཅས་ཀྱི་བཙོན་བཅུག་ཁྲིམས་ཐག་བཅད་ཡོད་འདུག ཁོང་གསུམ་པོ་ནི་འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྨ་ཆུར་བྱུང་བའི་ངོ་རྒོལ་ཁོངས་ཡོད་པར་བསྙད་དེ་རྫོང་སྤྱི་བདེ་ཉེན་རྟོག་པས་ཟླ་ ༤ ཚེས་ ༡༡ ཉིན་འཛིན་བཟུང་བྱས་པའི་གྲས་ཡིན་འདུག