༠༨།༧།༡༤
གསེར་ཐར་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་བ་གསུམ་འཛིན་བཟུང་བྱས་པ། ཕྱི་ཟླ་ ༧ ཚེས་ ༨ ཉིན་དཀར་མཛེས་ས་ཁུལ་གསེར་ཐར་རྫོང་ཁོངས་སུ་ཡོད་པའི་གསེར་ཐར་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་དགེ་འདུན་པ་གསུམ་ཁྲེན་ཏུ་གྲོང་ཁྱེར་ནས་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱས་འདུག ཁོང་གསུམ་པོ་ནི། རང་ལོ་ ༤༤ སོན་པའི་གྲྭ་བཀྲ་ཕུན་དང་། རང་ལོ་ ༣༧ སོན་པའི་གྲྭ་ངག་ཆུང་། གྲྭ་གུར་དྲག་བཅས་ཡིན། གྲ་བཀྲ་ཕུན་ལགས་ནི་ཆོས་སྡེ་དེར་ལོ་ཉི་ཤུ་ལྷག་སློབ་གཉེར་གནང་སྟེ་མཁན་པོའི་ཕྱག་འཁྱེར་ཡང་ཐོབ་ཟིན་ཡོད་པ་དང་། གྲྭ་ངག་ཆུང་དང་གུར་དྲག་ཡང་ཆོས་སྡེ་དེའི་ནང་ལས་འགན་འདྲ་མིན་འཁུར་མྱོང་མཁན་ཞིག་རེད་འདུག ཁོང་གསུམ་པོ་ཁྲེན་ཏུ་གྲོང་ཁྱེར་དུ་ཆོས་སྡེའི་བཅའ་དངོས་མཁོ་སྒྲུབ་ཆེད་སྐྱོད་འབྱོར་སྐབས་སྒྲིག་ཆས་མ་གྱོན་པའི་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱས་འདུག ཁོང་རྣམས་འཛིན་བཟུང་བྱ་དགོས་པའི་རྒྱུ་མཚན་ཇི་ཡིན་ད་བར་ཕྱིར་བསྒྲགས་གང་ཡང་བྱས་མི་འདུག
ཉེན་རྟོག་པས་བསུན་གཙེར་རྐྱེན་པས་ཕ་རྒན་ཞིག་འདས་གྲོངས་གྱུར་བ། ཕྱི་ཟླ་ ༧ ཚེས་ ༣ ཉིན་གྱི་ཕྱི་དྲོར་ཁམས་བྲག་འགོ་རྫོང་ཝ་ལྟག་བཙུན་དགོན་བསམ་གཏན་གླིང་གི་བཙུན་མ་ཚེ་རིང་མཚོ་དང།བཙུན་མ་ཨོ་རྒྱན་ལྷ་མོ་གཉིས་ཀྱི་ཕ་དགུང་ལོ་ ༦༠ མ་ཟིན་ཙམ་ཡིན་པའི་སྐྱ་ར་དཔལ་ལྡན་སྙན་གྲགས་ལགས་གློ་བུར་དུ་འདས་གྲོངས་སོང་འདུག གནས་ཚུལ་དེའི་བྱུང་རྐྱེན་གཙོ་བོ་ནི། གོང་གསལ་བཙུན་མ་གཉིས་ཆབ་སྲིད་གནད་དོན་རྐྱེན་པས་ཟླ་ ༦ ཚེས་ ༨ ཉིན་འཇུ་བཟུང་བྱས་རྗེས་རྫོང་གི་ཉེན་རྟོག་པས་ཕ་རྒན་ཡང་ཡང་སྐད་བཏང་སྟེ་ཕྲུ་གུར་སློབ་གསོ་ཡག་པོ་བརྒྱབ་མེད་ཚུལ་གྱིས་སྡོད་བཟོད་མི་བདེ་བའི་བསུན་གཙེར་ཤུགས་ཆེ་བཟོས་པའི་དབང་གིས་ཡིན་ཚོད་འདུག ད་ལྟ་ཁོང་གི་ཁྱིམ་དུ་རྐང་པ་ཆག་སྐྱོན་དུ་ཤོར་ཏེ་ལྕགས་ཀྱིས་མཐུད་བརྒྱབ་པའི་ཕྲུ་གུ་ཞིག་ཀྱང་ཡོད་པ་སོགས་ནང་མིའི་གནས་སྟངས་ཧ་ཅང་སྐྱོ་བོ་དང་དཀའ་ངལ་ཅན་ཞིག་ཡིན་པ་རེད་འདུག (མཆན༔འདས་གྲོངས་སོང་བའི་གྲངས་ཐོ་ཨང་ ༢༡༦ སླེབས།)
རྫོང་དཀར་དགོན་གྱི་གྲྭ་བློ་བཟང་བཙོན་དུ་ཉེས་རྡུང་ཚད་མེད་ཕོག་པ། ཕྱི་ཟླ་ ༣ པའི་ནང་འཛིན་བཟུང་བྱས་པའི་ཨ་མདོ་རེབ་གོང་རྫོང་ཁོངས་ཀྱི་རྫོང་དཀར་དགོན་ནས་ཡིན་ཅིང་། སྐབས་དེར་ལྷ་ས་འབྲས་སྤངས་དགོན་དུ་སློབ་གཉེར་བྱེད་མུས་ཡིན་པའི་གྲྭ་བློ་བཟང་ཞུ་བ་ཞིག་འཛིན་བཟུང་བྱས་ཏེ་གོར་མོར་བཙོན་བཅུག་གིས་ཉེས་རྡུང་ཚད་མེད་ཕོག་ཡོད་འདུག
ཁོང་གི་རོགས་པ་གྲྭ་འཇིགས་མེད་ཕུན་ཚོགས་ཀྱང་འབྲས་སྤངས་དགོན་ནས་འཛིན་བཟུང་བྱས་རྗེས་དེ་སྐོར་གནས་ཚུལ་སྤེལ་ཟིན། གོར་མོ་བཙོན་ཁང་དུ་སྤོ་སྐྱེལ་བྱས་ཡོད་ཀྱང་། བཙོན་དུ་ཉེས་རྡུང་ཚབས་ཆེ་ཕོག་རྐྱེན་ཟླ་ ༦ ཚེས་ ༢༢ ཉིན་འདས་གྲོངས་སོང་འདུག
འོད་ཟེར་དགོན་དུ་རྒྱལ་གཅེས་རིང་ལུགས་ཀྱི་ལས་འགུལ་སྤེལ་འཆར་ཡོད་པ། ཕྱི་ཟླ་ ༦ པའི་ནང་སྨར་ཁམས་རྫོང་ཁོངས་ཀྱི་འོད་ཟེར་དགོན་དུ་ལྷ་ས་དང་ཆབ་མདོ་ས་ཁུལ་ནས་ལས་དོན་རུ་ཁག་འཕར་མ་སླེབས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་བསྐྱར་དུ་སྤེལ་འཆར་འདུག་པ་ལྟར། སྐབས་དེར་དགེ་འདུན་པ་བྱིངས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཚེ་དེའི་འགན་འཁུར་དགོན་པའི་མཁན་པོ་དང་དགེ་འདུན་པ་རྒན་གྲས་རྣམས་ནས་འཁྱེར་དགོས་པའི་བཙན་བཀའ་བཏང་ཡོད་འདུག་པ་མ་ཟད། མཁན་རིན་པོ་ཆེར་མུ་མཐུད་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་འདུག