༠༨།༧།༡༠
དཀར་མཛེས་ཁྲོམ་གཞུང་དུ་ཕོ་གཞོན་ཞིག་གིས་སྐད་འབོད་བརྒྱབ་པ། ཕྱི་ཟླ་ ༦ ཚེས་ ༢༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་དཀར་མཛེས་རྫོང་ཁྲོམ་གཞུང་དུ་རངལོ་༢༥ སོན་པའི་དངོས་གྲུབ་རྡོ་རྗེ་ཟེར་བའི་ཕོ་གཞོན་ཞིག་གིས་ “༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ང་ཚོར་ཆོས་དད་རང་དབང་དགོས། བོད་ཀྱི་བདག་པོ་བོད་མི་ཡིན།” སོགས་ཀྱི་སྐད་འབོད་ཤུགས་ཆེ་བྱས་པར་ལམ་སེང་དྲག་ཆས་དམག་མིས་ལྕགས་རྒྱུག་གིས་ཉེས་རྡུང་ཚད་མེད་གཏོང་བཞིན་འཇུ་བཟུང་བྱས་འདུག ཁོ་པ་དཀར་མཛེས་རྫོང་ལྷོ་པ་ཤང་ཁོངས་ཀྱི་ཕུག་ཡིས་ནང་རྩེག་ལེགས་གྲོང་ཚོ་ཞེས་པ་ནས་ཡིན་འདུག
མེ་མདས་རྨེ་སྐྱོན་ཕོག་པ་ཞིག་འདས་གྲོངས་ཕྱིན་པ། ལྷ་ས་དཔལ་འབྱོར་རབ་བརྟན་ཁང་ནང་སྡོད་པ་ (དེ་སྔ་ཇོ་བོ་དབུ་སྐྲའི་འཁྲིས་སུ་བསྡད་ཀྱི་ཡོད་འདུག) རང་ལོ་ ༣༨ ལྷག་ཟིན་པའི་ཨ་ནུའུ་(ཕོ་)ཞེས་པར་ཕྱི་ཟླ་ ༣ པའི་ནང་ལྷ་སར་ཞི་རྒོལ་སྐབས་མེ་མདའ་ཕོག་སྟེ་ནང་དུ་ལུས་ཡོད་འདུག་པ་དང་། སྨན་པས་བརྟག་དཔྱད་བྱས་ཏེ་ཁོ་པའི་གཟུགས་པོ་ནས་ཕན་མེད་དུ་ཕྱིན་པའི་ཤ་ཁྱོན་ཆེ་ཞིག་བཀོག་དགོས་བྱུང་བ་སོགས་སྨན་བཅོས་ཅི་ཡོང་བྱས་ཀྱང་ཕན་འབྲས་མ་བྱུང་བར་མཐར་ཕྱི་ཟླ་ ༦ པའི་ཟླ་མཇུག་ཏུ་རང་ཁྱིམ་དུ་འདས་གྲོངས་སོང་འདུག ཁོ་པའི་ཕ་བཀྲིས་རབ་རྒྱས་དང་མ་ཚེ་བརྟན་གཉིས་ཀ་དེ་སྔ་ནས་འདས་གྲོངས་སོང་ཟིན་པ་ཞིག་ཡིན་འདུག (མཆན༔འདས་གྲོངས་སོང་བའི་གྲངས་ཐོ་ཨང་ ༢༡༤ སླེབས།)
ལྷུན་གྲུབ་རྫོང་ཁོངས་ཀྱི་མི་ཞིག་ཉེས་རྡུང་རྐྱེན་གྱིས་འདས་གྲོངས་སོང་བ། འཕན་པོ་ལྷུན་གྲུབ་རྫོང་ཁོངས་ཀྱི་རྫོང་ཞོལ་གྲོང་ཚོ་ནས་ཡིན་ཞིང་རང་ལོ་༤༢ ཙམ་དུ་སོན་པའི་ནམ་ལངས་(ཕོ་)ཞུ་བ་ཞིག་ལ་ཕྱི་ཟླ་ ༣ པའི་ནང་འཕན་པོར་བྱུང་བའི་ཞི་རྒོལ་སྐབས་སུ་ཉེས་རྡུང་ཚབས་ཆེ་ཕོག་སྟེ་རྫོང་སྨན་ཁང་དུ་ལུས་ཡོད་པ་དང་། དེར་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་སོན་པར་མཐར་ཕྱི་ཟླ་ ༥ པའི་ནང་ཙམ་དུ་འདས་གྲོངས་སོང་འདུག ཁོང་པར་བཟའ་ཟླ་དང་། རང་ལོ་༨ དང་༡༥ སོན་པའི་ཕྲུ་གུ་གཉིས། རང་ལོ་ ༨༢ སོན་པའི་རྨོ་མོ་ཞིག་བཅས་ཡོད་འདུག (མཆན༔འདས་གྲོངས་སོང་བའི་གྲངས་ཐོ་ཨང་ ༢༡༥ སླེབས།) འཕན་པོའི་ཞི་རྒོལ་ནང་རྨས་སྐྱོན་ཚབས་ཆེ་ཕོག་པའི་འཕན་པོ་གློ་པ་སྟོད་ནས་ཡིན་པའི་མི་ཞིག་དང་། འཕན་པོ་ལྡིང་ནས་ཡིན་པའི་མི་གཉིས་བཅས་ཀྱི་གནས་སྟངས་ཛ་དྲག་འོག་གནས་ཡོད་འདུགརེབ་གོང་རྫོང་མི་མང་གིས་མྱ་ངན་མཚོན་བྱེད་འདི་ལོའི་སྤྲོ་གསེང་དུས་སྟོན་མཚམས་འཇོག་བྱས་པ། མདོ་སྨད་རེབ་གོང་རྫོང་ཁོངས་ཀྱི་རྒྱ་ཆེའི་མང་ཚོགས་དང་། ལས་རིགས་འདྲ་མིན་གྱི་མི་སྣ་ཁག ཆུང་བྱིས་པ་ཡན་སོགས་ནས་དམིགས་བསལ་རེ་སྒུག་བྱེད་པའི་ལོ་འཁོར་སྤྲོ་གསེང་དུས་སྟོན་དབྱར་ཟླ་དྲུག་པའི་ནང་གཏོང་སྲོལ་ཡོད་ཀྱང་། འདི་ལོར་བོད་ཆོལ་གསུམ་ཁྱོན་དུ་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཞི་བའི་ངོ་རྒོལ་བྱུང་བར་རྒྱ་ནག་གཞུང་ནས་ཡ་ང་སྙིང་རྗེ་སྤ་ཙམ་མེད་པར་དྲག་གནོན་བྱས་པར་བརྟེན། མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་མི་རྣམས་ལ་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་དང་། ཉེ་སྔོན་ཟི་ཁྲོན་ས་ཁུལ་དུ་ས་ཡོམ་རྐྱེན་པས་འདས་གྲོངས་སུ་གྱུར་བའི་རྒྱ་རིགས་རྣམས་ལའང་སྙིང་རྗེས་ཀུན་ནས་བསླངས་པའི་མྱ་ངན་དཀྱུས་གཅིག་ཏུ་མཚོན་བྱེད་འདི་ལོའི་སྤྲོ་གསེང་མཚམས་འཇོག་བྱས་ཡོད་འདུག རྒྱ་ནག་གཞུང་གིས་འབྲེལ་ཡོད་ཚན་པས་རེབ་གོང་དུ་དམིགས་བསལ་དམ་དྲག་བྱེད་བཞིན་ཡོད་འདུག