ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །ཕྱི་རྒྱལ་འདྲ་མིན་ཁག་ནང་འཚར་ལོངས་བྱུང་བའི་བོད་ཕྲུག་ལོ་ ༡༠ ནས་ ༢༠ བར་ཡིན་པའི་བོད་ཕྲུག་གྲངས་ ༣༠ བོད་ཁྱིམ་སློབ་གྲྭར་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༧ ནས་འགོ་འཛུགས་ཏེ་བདུན་ཕྲག་དྲུག་རིང་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག རྒྱལ་རབས། ད་ལྟའི་བོད་ཀྱི་གནས་སྟངས། བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་གནང་ཕྱོགས་བཅས་ཀྱི་ཐོག་སློབ་སྦྱོང་གནང་རྒྱུ་ཡིན་འདུག
ཤེས་ཡོན་གནང་ཕྱོགས་དེ་ཡང་དང་ཐོག་བོད་ཀྱི་ནང་ཆོས་ངོ་སྤྲོད་གནང་རྒྱུ་དང་། དེ་ནས་བོད་ཀྱི་དུས་ཆེན། སྤྱི་ཡོངས་ལྟ་ཚུལ་གྱི་བོད་ཀྱི་རྒྱལ་རབས། ༸གོང་ས་སྐུ་ཕྲེང་རིམ་བྱོན་ངོ་སྤྲོད། ད་ལྟའི་བོད་ནང་གི་གནས་སྟངས། བོད་ཁྱིམ་སློབ་གྲྭའི་བྱུང་བ་དང་འཕེལ་རིམ་སོགས་རིམ་པས་ངོ་སྤྲོད་གནང་རྒྱུ་ཡིན་པ་མ་ཟད། སློབ་ཕྲུག་ཚོར་བོད་ཀྱི་ཆང་ས་རྒྱག་སྟངས་དང་ལོ་གསར་སྲུང་བརྩི་ཞུ་ཕྱོགས་སྐོར་ཡང་སྦྱོང་བརྡར་གནང་རྒྱུ་དང་། དེ་མིན་ཁོང་ཚོར་ཉིན་ལྟར་བོད་ཀྱི་རོལ་ཆ་དང་། ཟློས་གར་བཅས་སློབ་ཁྲིད་གནང་རྒྱུ་ཡིན་འདུག བདུན་ཕྲག་བདུན་གྱི་རིང་དེའི་ནང་ཁོང་ཚོར་བོད་ཀྱི་གཏམ་བརྗོད་འཁྲབ་སྟོན་གྱི་སྦྱོང་བརྡར་ཡང་གནང་རྒྱུ་ཡིན་འདུག
རྡ་སྟེང་བོད་ཁྱིམ་སློབ་གྲྭའི་མ་ཆེན་ཆེན་མོ་མིག་དམར་ལགས་ནས་སློབ་ཕྲུག་ཚོར་བོད་ཀྱི་ཞལ་ལག་བཟོ་སྟངས་ངོ་སྤྲོད་གནང་རྒྱུ་ཡིན་འདུག དེ་ཡང་འཛིན་ཁང་དུ་གྲོས་སྡུར་དང་། སྦྱོང་བརྡར་ཙམ་ཞིག་མ་ཡིན་པར་ཕྲུ་གུ་ཚོར་ལྟ་རྒྱ་དང་ཐོས་རྒྱ་ཡངས་བ་ཡོང་སླད་ཅོང་ཊར་བོད་ཁྱིམ་དང་། སུ་ཇ་བོད་ཁྱིམ། གོ་པལ་པུར་བོད་ཁྱིམ་བཅས་སུ་ལྟ་སྐོར་ལ་ཁྲིད་རྒྱུ་ཡིན་འདུག
སློབ་ཕྲུག་ཚོ་རྡ་སར་སྡོད་རིང་བོད་ཀྱི་དཔེ་མཛོད་ཁང་དང་། བོད་གཞུང་སྨན་རྩིས་ཁང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་གཞུང་ཟློས་གར་བཅས་སུ་ལྟ་སྐོར་དུ་ཁྲིད་རྒྱུ་ཡིན་འདུག ཁོང་ཚོར་མིག་མཐོང་ལག་ཟིན་གྱི་ཉམས་མྱོང་ཞིག་ཡོང་ཆེད་བོད་གཞུང་ཟློས་གར་ནས་བོད་ཀྱི་རིག་གཞུང་འཁྲབ་སྟོན་གནང་རྒྱུ་ཡིན་འདུག
བདུན་ཕྲག་དྲུག་ཀྱི་སློབ་སྦྱོང་ཚར་རྗེས་སློབ་ཕྲུག་ཚོ་ལྡེ་ར་རྡུན་དང་། བར་ར་པུར་རྟེན་གཞི་བྱས་པའི་སི་ལ་ཀུའི་བོད་ཁྱིམ་སློབ་གྲྭ་དང་བོད་ཁྱིམ་ལས་རིགས་སྦྱོང་བརྡར་སློབ་གྲྭ། རྣམ་གྲོལ་གླིང་དགོན་པ། འབྲི་གུང་བཀའ་བརྒྱུད་སློབ་གཉེར་ཁང་བཅས་སུ་སྤྲོ་འཆམ་དུ་ཁྲིད་རྒྱུ་ཡིན་འདུག
མཐའ་མཇུག་ཏུ་སློབ་ཕྲུག་ཚོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་བཀའ་དྲིན་ཆེ་བ་སྩལ་རྒྱུ་ཡིན་འདུག
ལས་འཆར་དེ་བཞིན་བོད་ཁྱིམ་སློབ་གྲྭ་དང་ཨ་རི་སྐུ་ཚབ་དོན་གཅོད་མཉམ་འབྲེལ་ཐོག་དབུ་འཛུགས་གནང་བ་ཞིག་དང་། ལས་འཆར་དེ་ལམ་ལྷོང་ཡོང་ཆེད་མཁས་དབང་ ༡༥ ལྷག་ནས་སློབ་སྟོན་གནང་རྒྱུ་ཡིན་འདུག