ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༧ ནས་ ༡༣ བར་ཉིན་བདུན་རིང་ཤེས་རིག་ལས་ཁུངས་ནས་ལ་དྭགས་བོད་ཁྱིམ་སྔོན་འགྲོ་དགེ་རྒན་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཞིག་ལ་དྭགས་བོད་ཁྱིམ་དུ་གོ་སྒྲིག་ཞུས་ཡོད་པ་རེད། ཟབ་སྦྱོང་དབུ་འབྱེད་མཛད་སྒོར་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་དང་ཤེས་རིག་དྲུང་ཆེ། དེ་བཞིན་ས་གནས་འཐུས་ཚོགས་དང་བོད་ཁྱིམ་དབུ་འཛིན་བཅས་ཕེབས་ཡོད་པ་རེད། ཟབ་སྦྱོང་གི་ཉིན་དང་པོ་གཉིསཔར་ལ་དྭགས་བོད་ཁྱིམ་སློབ་གྲྭའི་ནང་ཕྱག་ལས་གནང་བཞིན་པའི་དགེ་རྒན་ ༡༤༥ ལ་ཤེས་རིག་བཀའ་བློན་མཆོག་དང་དྲུང་ཆེ་ནས་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་ཡོངས་རྫོགས་ངོ་སྤྲོད་དང་འབྲེལ་དྲི་བ་དྲིས་ལན་གནང་བ་དང་། ཕྱི་ཚེས་ ༩ ནས་ ༡༣ བར་སྔོན་འགྲོ་དགེ་རྒན་གྲངས་ ༢༨ ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་དངོས་གཞི་འགོ་འཛུགས་ཀྱིས་ཟབ་སྦྱོང་པ་རྣམས་ལ་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་དང་བོད་ཁྱིམ་སྔོན་འགྲོའི་སྤྱི་ཁྱབ་འགན་འཛིན་ངག་དབང་ཤེས་རབ་ལགས། དབྱིན་ཡུལ་གྱི་དམིགས་བསལ་ཤེས་ཡོན་ཐོག་མཁས་དབང་ནི་ཀོ་ལ་ཊེན་སེ་ལེ། ས་གནས་ནས་སློབ་གྲྭའི་མདུན་ལམ་སློབ་སྟོན་པ་དང་ལུས་རྩལ་དགེ་རྒན། ལ་དྭགས་སྨན་རྩིས་ཁང་གི་དབུ་འཛིན། ཤེས་རིག་ཤེས་ཡོན་འགན་འཛིན་བཅས་ནས་ཁྱོན་ཡོངས་ཀྱི་ཤེས་ཡོན་དང་། ཤེས་ཡོན་ཞིབ་འཇུག སྔོན་འགྲོ་སློབ་ཁྲིད་འཆར་ཟིན། དབང་པོ་སྐྱོན་ཅན་ཤེས་ཡོན་༼དམིགས་བསལ་ཤེས་ཡོན།༽ བྱིས་པའི་ཚར་ལོངས་དང་བྱིས་པའི་འཕྲོད་བསྟེན། ཡོ་ག་དང་པྲནཱཡཱམ་སོགས་སློབ་ཁྲིད་དང་སྦྱང་བཤད་གནང་ཡོད་པ་རེད།
ཟབ་སྦྱོང་པ་རྣམས་ལ་ཟབ་སྦྱོང་ལག་དེབ་དང་། ཤེས་ཡོན་སྲིད་བྱུས་སོགས་དཔེ་དེབ་ཁག་ལྔ་རེ། ཡོ་ག་དང་པྲནཱཡཱམ་གྱི་འོད་སྡེར་བཅས་འགྲེམས་སྤེལ་ཞུས་ཡོད་པ་རེད། ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོ་ཕྱི་ཚེས་ ༡༣ ཕྱེད་ཡོལ་ཚོུད་ ༣།༣༠ ཐོག་ས་གནས་འགོ་འཛིན་གསར་རྙིང་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་ཟབ་སྦྱོང་པ་རྣམས་ལ་ཕྱག་འཁྱེར་སྩལ་ནས་ཟབ་སྦྱོང་ལེགས་གྲུབ་བྱུང་ཡོད་པ་རེད།
ཤེས་རིག་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ནས་ས་གནས་སུ་ཕེབས་ཡོད་པ་དང་སྦྲགས་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་དང་འབྲེལ་རྒྱ་ཆེའི་མང་ཚོགས་ལ་ད་ལྟའི་བོད་དོན་གནས་བབས་དང་སློབ་ཕྲུག་གི་ཤེས་ཡོན་ཐོག་ལ་ཕ་མ་རྣམས་ནས་དོ་སྣང་ཇི་ལྟར་གནང་དགོས་པའི་ལམ་སྟོན་གནང་བ་དང་། དེ་བཞིན་ལ་དྭགས་བོད་ཁྱིམ་སློབ་གྲྭར་གཟིགས་ཞིབ་དང་འབྲེལ་སློབ་ཕྲུག་རྣམས་ལ་ལམ་སྟོན་བཀའ་སློབ་དང་ལ་དྭགས་བསོད་ནམས་གླིང་གི་བརྒྱ་ཤོག་སོ་སོའི་མི་མང་དང་། ས་གནས་འཐུས་ཚོགས། བརྒྱ་དཔོན་སོགས་ལ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ངོ་སྤྲོད་གནང་ཡོད་པ་རེད།།