ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༢༦ རེས་གཟའ་སྤེན་པ།
༄༅། །༢༠༠༨ ཕྱི་ཟླ་ ༧ ཚེས་ ༢༣ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་དང་། སྤྱི་འཐུས་རྒྱུན་ལས་བསོད་ནམས་དགྲ་འདུལ་ལགས། སྤྱི་འཐུས་སྒྲོལ་དཀར་ལྷ་མོ་ལགས། སྤྱི་འཐུས་ཚེ་རིང་པོ་ལགས། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས། ཕྱོགས་བཞུགས་སྤྱི་འཐུས་ངག་དབང་ལྷ་མོ་ལགས་དང་། སྤྱི་འཐུས་ཟླ་བ་ཚེ་རིང་ལགས། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་བཅས་རྡ་ས་ནས་པ་ཀོར་བརྒྱུད་ལྡི་ལིར་ཕེབས་འབྱོར་གནང་ཡོད་པ་རེད། ཕྱི་ཟླ་ ༧ ཚེས་ ༢༤ ནས་ཚེས་ ༣༠ བར་ཉིན་གྲངས་བདུན་རིང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་ཞུས་ཏེ་སྐུ་ཞབས་Dr. Peter Traub ལགས་ནས་གནང་བའི་ཟབ་སྦྱོང་གི་བརྗོད་གཞི་ [Emotionally Effective Communication and Strategic Plannig]དེའི་ཐོག་གོང་གི་མཚན་འཁོད་སྤྱི་འཐུས་རྣམས་དང་། སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་ལགས་དང་། སྤྱི་འཐུས་ཚེ་བརྟན་ནོར་བུ་ལགས་བཅས་ལ་གཞུང་འབྲེལ་མགྲོན་འབོད་གནང་བ་ལྟར་ཟབ་སྦྱོང་དུ་མཉམ་ཞུགས་གནང་ཡོད་རེད།
ཕྱི་ཟླ་ ༧ ཚེས་ ༣༠ ཉིན་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གོ་སྒྲིག་འོག་ལྡི་ལིར་སྐུ་ངོ་ཚོགས་གཙོ་མཆོག་ནས་གསར་འགོད་གསལ་བསྒྲགས་གནང་སྐབས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་། ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག སྤྱི་འཐུས་སྤེན་པ་ཚེ་རིང་ལགས་བཅས་མཉམ་ཞུགས་གནང་ཡོད་པ་རེད།
ཕྱི་ཟླ་ ༨ ཚེས་ ༢ ཉིན་ཚོགས་གཙོ་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་ཉི་ཧོང་དུ་ཕེབས་རྒྱུ་དང་། ཚེས་ ༤ དང་ ༥ ཉིན་གྲངས་གཉིས་རིང་ཐེ་ན་ནང་རྟེན་གཞི་བྱས་པའི་མང་གཙོ་ཐེབས་རྩ་ཁང་ནས་ཉི་ཧོང་དུ་ 2008 International Conference on Global Support for Democratization in China and Asiaཚོགས་འདུ་ཆེན་མོར་སྐུ་མགྲོན་གཙོ་བོར་མགྲོན་འབོད་གནང་བ་ལྟར་མཉམ་ཞུགས་གནང་རྒྱུ་དང་། ཚེས་ ༦ ཉིན་རྒྱབ་ཉི་ཧོང་ནས་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ཕེབས་ཐོན་གནང་རྒྱུ། ཚེས་ ༧ ནས་ ༡༤ བར་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་Matteo Maccaciམཆོག་ནས་མགྲོན་འབོད་གནང་བ་ལྟར་རོམ་གྱི་ས་གནས་Assisiརུ་International Seminar on Religious Freedomདང་། ཨི་ཊ་ལིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་ལྷན་འཛོམས་གནང་རྒྱུ། དེ་རྗེས་ཕྱི་ཟླ་ ༨ ཚེས་ ༡༩ ཉིན་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས་སུ།།