ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༢ རེས་གཟའ་ལྷག་པ།
༄༅། བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་བཀའ་བློན་སྟག་ལྟ་སྐལ་བཟང་དབྱངས་སྐྱིད་མཆོག་ཉིེ་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༢ ནས་ཚེས་ ༣ བར་ཉིན་གཉིས་རིང་བོད་དོན་ཐོག་ལ་ལྷན་འཛོམས་ཤིག་གོ་སྒྲིག་ཞུས་ཡོད་པར་མཉམ་ཞུགས་གནང་ཆེད་ཉེ་ཧོང་དུ་ཕེབས་ཡོད་པ་རེད།
ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པས་ལྷན་འཛོམས་དེ་གནང་དགོས་ཀྱི་དམིགས་ཡུལ་གཙོ་བོ་ནི། རྒྱལ་ཁབ་བརྒྱད་(G-8)་ཀྱི་དབུ་ཁྲིད་རྣམ་པའི་ཆེས་མཐོའི་ལྷན་ཚོགས་ཐོག་གྲོས་ཆོད་དེ་འབུལ་ནས་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་བོད་རྒྱ་འབྲེལ་མོལ་དེ་བཟང་ཕྱོགས་ཀྱི་ཡར་རྒྱས་ཤིག་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་འདུག
ཐེངས་འདིའི་ལྷན་འཛོམས་ནང་ཉིེ་ཧོང་གྲོས་ཚོགས་ཀྱི་ཚོགས་མི་དང་། ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི། ཨོ་སི་ཊོ་ལི་ཡ། ཐའེ་ཝན་བཅས་ནས་ཚོགས་མི་མཉམ་ཞུགས་གནང་རྒྱུ་ཡིན་འདུག ཨོ་སི་ཀྲོ་ལི་ཡ་དང་། ཐའེ་ཝན་གྱི་འཐུས་མི་རྣམས་ནས་བོད་ནང་གི་ཁོར་ཡུག་དང་། འགྲོ་བ་མིའི་ཐོབ་ཐང་ཐོག་ལ་གཏམ་བཤད་གནང་རྒྱུ་ཡིན་འདུག
བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡ ཉིན་ཉིེ་ཧོང་གི་རྒྱལ་ས་ཊོག་ཁི་ཡོ་ནང་གསར་འགོད་པ་ཚོར་གསུང་དོན། ཁོང་ཉི་ཧོང་དུ་ཕེབས་དོན་ནི་ཉིེ་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པས་མགྲོན་འབོད་ཞུས་པ་བཞིན་ཕེབས་པ་ཞིག་དང་། རྒྱལ་ཁབ་བརྒྱད་ག་༨་ཀྱི་དབུ་ཁྲིད་རྣམ་པའི་ཆེས་མཐོའི་ལྷན་ཚོགས་ཐེངས་བཞི་པའི་ཐོག་བོད་ཀྱི་གནད་དོན་གླེང་སློང་ཡོང་ཆེད་སླེབས་པ་ཞིག་ཡིན། ཞེས་འགྲེལ་བརྗོད་གནང་བ་མ་ཟད་མུ་མཐུད་གསུང་དོན། ཕྱི་ཟླ་ ༣ ཚེས་ ༡༠ ནས་བཟུང་བོད་ནང་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་གནད་དོན་དེ་བྱུང་བའི་རྐྱེན་གྱིས་འཛམ་གླིང་མི་མང་རྣམས་ནས་བོད་ནང་གནད་དོན་གང་བྱུང་དང་འབྱུང་བཞིན་པ་རྣམས་ཤེས་གསལ་རེད། ཞི་བའི་རྔམ་སྟོན་ཁྲོམ་སྐོར་དེས་བོད་ནང་གི་བོད་མི་རྣམས་རྒྱ་ནག་གཞུང་གི་སྲིད་བྱུས་འོག་སྐྱིད་པོ་མེད་པའི་རྣམ་པ་གསལ་པོ་ཞིག་བསྟན་ཡོད་པ་རེད། ཅེས་དང་ཡང་ཁོང་གིས་མུ་མཐུད་གསུང་དོན། བོད་ཀྱི་དཀའ་རྙོག་སེལ་རྒྱུ་དེ་བོད་མི་ཙམ་ལ་མ་ཡིན་པར་རྒྱ་ནག་གཞུང་ལའང་ཕན་རླབས་ཆེན་པོ་ཡོད་པ་རེད། གལ་ཏེ་རྒྱ་ནག་གཞུང་ལ་འཛམ་གླིང་གི་དབུ་ཁྲིད་ཚོའི་ཁྲོད་དུ་ཆེས་མཐོང་ཞིག་དགོས་ཀྱི་ཡོད་ན་བོད་ཀྱི་དཀའ་རྙོག་དེ་བཞིན་བཟང་ཕྱོགས་ཀྱི་ཆབ་སྲིད་ལྟ་བའི་ཐོག་ནས་སེལ་དགོས་ཀྱི་རེད། ད་ལྟ་འགྲོ་བཞིན་པའི་བོད་རྒྱ་འབྲེལ་མོལ་དེ་རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་ཆེས་མཐོང་གོང་འཕེལ་ཡོང་རྒྱུ་དང་། འཛམ་གླིང་འདིར་ཁོང་ཚོ་འགན་ཁུར་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་སྟོན་བྱེད་ཀྱི་གོ་སྐབས་བཟང་ཤོས་ཤིག་རེད། ཅེས་དང་།
བཀའ་བློན་མཆོག་གིས། ཉི་ཧོང་གྱི་གཞུང་དང་མི་མང་གཉིས་ནས་བོད་དོན་ཐོག་དོ་སྣང་ཆེན་པོས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁོང་གིས། བཙན་བྱོལ་བོད་གཞུང་གིས་བོད་ཆོལ་ཁ་གསུམ་དུ་རང་སྲིད་རང་སྐྱོང་རྩོད་ལེན་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་དུའང་དེ་ལྟ་བུའི་ཐོབ་ཐང་འཁོད་ཡོད་པའི་འགྲེལ་བརྗོད་ཀྱང་གནང་ཡོད་པ་རེད།།