ཕྱི་ལོ་ ༢༠༠༨ ཟླ་ ༠༦ ཚེས་ ༠༤ རེས་གཟའ་ལྷག་པ།
༄༅། །རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་ ༣ ཚེས་ ༡༠ ནས་ལྷ་ས་དང་དེ་མིན་བོད་ཀྱི་ས་ཁུལ་གཞན་ཁག་མང་པོ་ཞིག་གི་ནང་ཞི་བའི་ངོ་རྒོལ་བྱས་པར་རྒྱ་ནག་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱིས་འཛིན་བཟུང་དང་། བཙོན་འཇུག་བྱས་པའི་བོད་མི་ཚོར་རྒྱ་ནག་སྐམ་ས་ཆེན་མོར་རྟེན་གཞི་བྱས་པའི་རྒྱ་མིའི་ཁྲིམས་རྩོད་པ་ཐེན་པེའུ་དང་། ཅང་ཐན་ཡུང་སོགས་ཁྲིམས་རྩོད་པ་ཁག་གཅིག་གིས་ཁྲིམས་ལུགས་ཀྱི་ཐོག་ནས་ཁྲིམས་རྩོད་པའི་རོགས་རམ་གནང་རྒྱུ་གནང་བར། རྒྱ་ནག་པེ་ཅིང་གི་ཁྲིམས་འཛིན་ལས་ཁུངས་ནས་ལོ་འཁོར་དེབ་སྐྱེལ་ཐོ་བཀོད་ལས་གཞི་འགོ་འཛུགས་བྱས་ཡོད་ནའང་། སྐུ་ཞབས་ཐེན་པེའུ་དང་། ཅང་ཐན་ཡུང་གཉིས་ལ་ཐོ་བཀོད་ལག་འཁྱེར་ཡུན་རིང་སྤྲད་མེད་པ་རེད། སྐུ་ཞབས་ཐེན་པེའུ་ཡིས་གསུངས་པར་གཞིགས་ན། ཁོང་གི་ཁྲིསམ་རྩོད་ལས་ཁང་ནང་ཁོ་རང་མུ་མཐུད་ཁྲིམས་རྩོད་པ་བྱེད་ཆོག་པའི་ཆོག་མཆན་ལག་འཁྱེར་གཞུང་བཞེས་བཏང་བས་ལན་བརྡ་འབྱོར་ཡོད་པ་དང་། དེ་བཞིན་ཁྲིམས་རྩོད་པ་ཅང་ཐན་ཡུང་གྱི་ཁྲིམས་རྩོད་པའི་ཐོབ་ཐང་ཡང་འཕྲོག་ཡོད་པ་རེད། དེ་ནས་བཟུང་ཁོང་གཉིས་མུ་མཐུད་ཁྲིམས་རྩོད་པ་བྱེད་ཆོག་པའི་ཐོབ་ཐང་ཤོར་ཡོད་པའི་གནས་ཚུལ་ཐོན་འདུག །