༠༨།༦།༢༨
དཀར་མཛེས་བེ་རི་དགོན་པའི་གྲྭ་བ་བཞི་འཛིན་བཟུང་བྱས་པ། ཕྱི་ཟླ་ ༦ ཚེས་ ༢༤ ཉིན་དཀར་མཛེས་རྫོང་ཁོངས་བེ་རི་དགོན་པའི་དགེ་འདུན་པ་བཞི་ས་གནས་སྤྱི་བདེ་ཚན་པས་འཛིན་བཟུང་བྱས་འདུག དེ་ཡང་། རང་ལོ་༢༧ སོན་པའི་གྲྭ་སྐལ་བཟང་ཡེ་ཤེས་དང་། རང་ལོ་༣༠ སོན་པའི་གྲྭ་བཀྲིས་དངོས་གྲུབ་གཉིས་ནས་ཟླ་ ༦ ཚེས་ ༡༣༡༤ ཉིན་དགོན་པར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ཏེ་ས་རྟགས་བསྡུ་ལེན་བྱེད་སྐབས་དེར་དང་ལེན་མ་བྱས་པ་དང་། རྗེས་སུ་དགོན་པའི་གྱང་སྟེང་དུ་བོད་རང་བཙན་གྱི་ཡི་གེ་བྲིས་ཡོད་པ་དེའི་བྱེད་གཏེ་ཡིན་པར་བསྙད་དེ་འཛིན་བཟུང་དང་། གྲྭ་ཤག་ཀྱང་སྔོག་བཤེར་བྱས་ཡོད་འདུག འཕྲོས་གཉིས་ནི། དགེ་བསྐོས་ཟུར་པ་རང་ལོ་༤༡ སོན་པའི་དགའ་ཕྲུག་རྡོ་རྗེ་དང་། རང་ལོ་༣༩ སོན་པའི་གྲྭ་དབང་ཕྱུག་རྡོ་རྗེ་གཉིས་ཡིན། ཚེས་ ༢༣ ཉིན་དགོན་པའི་ཉེ་འགྲམ་གྱི་རྫ་ཆུའི་སྟེང་དུ་བེ་རི་ཟམ་པ་ཟེར་བ་ཞིག་ཡོད་པ་དེར་མེ་སྐྱོན་བྱུང་ཡོད་པས། ཁོང་གཉིས་ལ་མེ་སྐྱོན་གཏོང་མཁན་ཡིན་པའི་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བྱས་པ་ཞིག་ཡིན། གནས་ཚུལ་འདི་དག་བྱུང་རྗེས་བེ་རི་དགོན་པར་དམ་དྲག་སྔར་ལས་ཆེ་བ་བཏང་ཡོད་འདུག
ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་རྒྱུར་བཀག་འགོག་བྱེད་བཞིན་པ། ཕྱི་ཟླ་ ༦ པ་ནས་བཟུང་ཨ་མདོ་དཔའ་ལུང་(བ་ཡན་)རྫོང་ཁོངས་རྒྱལ་རྒྱུད་དགོན་པར་རྒྱ་གཞུང་གིས་དམ་དྲག་བྱས་ཏེ་ས་ག་ཟླ་བའི་ཚེས་ ༡༩ (ཕྱི་ཟླ་ ༦ ཚེས་ ༢༢) ཉིན་ལོ་འཁོར་གྱི་གར་འཆམ་ཆེན་མོ་འཚུག་རྒྱུར་བཀག་འགོག་བྱས་པ་དང་། གཞན་ཡང་དཔའ་ལུང་རྫོང་སྟག་ཚང་ཤང་ཁོངས་སུ་ཡོད་པའི་སྟག་དགོན་པའི་ཤར་སྟེང་འཆམ་ཞེས་པ་དང་། སེ་ཁྲི་འཆམ་ཞེས་པའང་འཚུག་རྒྱུར་བཀག་འགོག་བྱས་པའི་ཐོག བོད་ཟླ་ ༦ ཚེས་ ༩ (ཕྱི་ཟླ་ ༨ ཚེས་ ༡༠) ཉིན་འཚུག་རྒྱུའི་ལོ་འཁོར་གར་འཆམ་ཆེན་མོ་ཡང་ འཁྲབ་མི་ཆོག་པའི་སྐོར་འབྲེལ་ཡོད་ཚན་པས་བཀོད་རྒྱ་ནན་པོ་བཏང་འདུག དེ་མིན་ས་དེར་སྔར་ནས་དར་སོ་ཆེ་བའི་དམངས་ཁྲོད་ཀྱི་དུས་སྟོན་གཅན་ཚ་མ་ཌྷི་ཞེས་པ་དང་། ལྷི་ཚ་མཆོད་མེ་ཞེས་པ་སོགས་ཀྱང་འཚོག་ཐུབ་ཀྱི་མེད་པའི་གནས་སྟངས་སུ་ཡོད་འདུག
ས་གནས་བོད་མི་ཚོས་བརྗོད་དོན་ཁོང་རྣམས་ལ་ལྷག་བསམ་དང་སེམས་ཤུགས་མེད་པ་མིན་ཡང་གནས་ཡུལ་དུ་ཁ་ཆེ་དང་རྒྱ་རིགས་ཀྱི་མི་འབོར་ཤུགས་ཆེ་དྲག་ནས་ལས་འགུལ་ཆུང་ཞིག་སྤེལ་རྒྱུ་ཡང་དཀའ་ངལ་འདུག་ཀྱང་། གཞིས་བྱེས་བོད་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཡོད་སྐོར་ཚང་མས་ཤེས་རྟོགས་ཐུབ་པ་ཡོང་རྒྱུའི་རེ་བ་ཡོད་ཅེས་ཞུ་བཞིན་ཡོད་འདུག
རེབ་གོང་རོང་པོ་དགོན་པའི་གྲྭ་བ་ཁག་ཅིག་འཛིན་བཟུང་བྱས་པ། ཕྱི་ཟླ་ ༦ ཚེས་ ༢༠ ཉིན་ཨ་མདོ་རེབ་གོང་རྫོང་གི་རོང་པོ་དགོན་པར་སླར་ཡང་དམ་དྲག་ཤུགས་ཆེ་རུ་བཏང་སྟེ་རང་ལོ་ ༤༠ སོན་པའི་དགོན་པའི་ཚོགས་ཆེན་ཞལ་ངོ་འཇིགས་མེད་ཟླ་བ་ལགས་བསྐྱར་དུ་རྫོང་ཉེན་རྟོག་པས་འཛིན་བཟུང་བྱས་འདུག ཁོང་ཉེ་ཆར་ཟླ་ ༤ ཚེས་ ༡༨ ཉིན་འཛིན་བཟུང་བྱས་ཡོད་ཀྱང་། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཁག་ཐེག་བྱས་ཏེ་གློད་གྲོལ་ཐོབ་ཡོད། དེ་སྔ་ ༡༩༩༩ ལོར་དགོན་པར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་སྐབས་ཀྱང་ཁོང་ལོ་གཅིག་རིང་བཙོན་བཅུག་བྱས་མྱོང་ཡོད་འདུག ད་ལམ་ཁོང་འཛིན་བཟུང་བྱས་པའི་ཉིན་དགེ་འདུན་པ་གཞན་ཁག་ཅིག་ཀྱང་འཛིན་བཟུང་བྱས་ཡོད་པ་མ་ཟད། རོང་པོ་དགོན་ཆེན་དུ་ད་ལྟའི་ཆར་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཇི་བཞིན་སྤེལ་ཐུབ་ཀྱི་མེད་པ་དང་། ལྷག་པར་ཚོགས་ཆོས་གྲྭ་སོགས་ཀྱང་འཚོག་ཐུབ་ཀྱི་མེད་པའི་གནས་སྟངས་སུ་ཡོད་འདུག རོང་པོ་དགོན་ཆེན་གྱི་ཁྲི་ཟུར་ཨ་ལགས་ཁ་སོ་རིན་པོ་ཆེ་རྒྱ་སྨན་གྱིས་དྲག་སྐྱེད་ཡག་པོ་མ་བྱུང་བར་ད་ལྟ་ཟི་ལིང་དུ་བོད་ལུགས་ཀྱི་སྨན་བཅོས་གནང་མུས་སུ་ཡོད་འདུག
དཀར་མཛེས་གསེར་ཐར་རྫོང་དུ་ངོ་རྒོལ་བྱས་པ། ཕྱི་ཟླ་ ༦ ཚེས་ ༡༩ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་དཀར་མཛེས་ས་ཁུལ་གསེར་ཐར་རྫོང་ཀོས་ཚ་སྡེ་བ་ནས་ཡིན་པའི་གྲྭ་གཡུ་བྲུམ་ཟེར་བ་ཞིག་གིས་རྫོང་ཐོག་ཏུ་བོད་ཀྱི་རྒྱལ་དར་འཕྱར་བཞིན་བོད་རང་བཙན་ཡིན། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༸གོང་ས་མཆོག་བོད་ལ་ཆིབས་བསྒྱུར་གནང་དགོས་སོགས་ཀྱི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། མཚམས་དེར་མི་མང་ཕོན་ཆེ་ཞིག་ཁོ་པའི་ཉེ་འགྲམ་དུ་སླེབས་སྐབས་ཉེན་རྟོག་པས་བཀག་འགོག་བྱས་ཏེ་ཁོ་པ་འཛིན་བཟུང་བྱས་ཡོད་འདུག
གྲྭ་བ་ཞིག་གིས་སློབ་གསོའི་ལས་འགུལ་སྤེལ་སྐབས་འདྲ་པར་བརྒྱབ་པར་ཉེས་རྡུང་དང་འཛིན་བཟུང་བྱས་པ། ཕྱི་ཟླ་ ༦ པའི་ནང་ཚེས་གྲངས་ཁ་གསལ་མི་འདུགདཀར་མཛེས་ས་ཁུལ་གསེར་རྟ་རྫོང་རྟ་མཆོག་ཚང་སྟོད་མ་སྡེ་བར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་སྐབས་སྡེ་བ་དེའི་ཁོངས་ནས་ཡིན་པ་གྲྭ་དབང་ལོ་ཟེར་བས་འདྲ་པར་བརྒྱབ་པར་བརྟེན། ས་གནས་འབྲེལ་ཡོད་ཚན་པས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་འདུག ཁོ་པའི་ཉེ་འབྲེལ་རྣམས་ནས་གློད་གྲོལ་ཡོང་བའི་འབོད་སྐུལ་ཞུས་པར། གློད་གྲོལ་དགོས་ན་རྒྱ་སྒོར་ཁྲི་གཉིས་ཀྱི་དངུལ་ཆད་སྤྲོད་དགོས་སྐོར་བཤད་ཡོད་འདུག ཞིབ་ཕྲའི་གནས་ཚུལ་ཁ་གསལ་མི་འདུག
གསེར་ཐར་རྫོང་གི་ཤང་ཞིག་ཏུ་ངོ་རྒོལ་གྱི་རྣམ་པ་བསྟན་པ། དཀར་མཛེས་ས་ཁུལ་གྱི་གསེར་ཐར་རྫོང་ཁོངས་ཀྱི་ཉི་སྟོད་ཕུ་གུ་ཤང་ཞེས་པའི་ནང་དམ་དྲག་བྱེད་བཞིན་ཡོད་པར་བརྟེན། མི་མང་གིས་རི་མགོར་ས་དྲུས་ནས་དེའི་ནང་རྡོ་དཀར་བླུགས་ཏེ་དེར་བོད་རང་བཙན་ཞེས་ཐག་རིང་ནས་ཀྱང་གསལ་པོ་མཐོང་ཐུབ་པ་ཞིག་བྲིས་ཡོད་འདུག དུས་ཚེས་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མེད།