༠༨།༦།༢༧
མནར་གཅོད་འོག་འབྲས་སྤུངས་ཀྱི་གྲྭ་ཞིག་བཙོན་དུ་འདས་གྲོངས་སོང་བ། ཕྱི་ཟླ་ ༦ ཚེས་ ༢༢ ཉིན་མཚོ་སྔོན་ཞིང་ཆེན་ན་གོར་མོའི་བཙོན་ཁང་དུ་འབྲས་སྤུངས་དགོན་པའི་གྲྭ་འཇིགས་མེད་ཕུན་ཚོགས་འདས་གྲོངས་སོང་འདུག ཁོ་པ་རང་ལོ་ ༢༢ དུ་སོན་ཞིང་སྐྱེས་ཡུལ་ནི་ཨ་མདོ་རེབ་གོང་རྫོང་རྒྱལ་པོ་ཀླུ་ཆུ་སྡེ་བ་ནས་ཡིན་པ་དང་། ཕ་མིང་ལ་གཡང་བྷ་ཟེར། འདས་པོ་འབྲས་སྤུངས་དགོན་པ་ནས་འདི་ལོའི་ཕྱི་ཟླ་ ༣ པའི་ངོ་རྒོལ་རྗེས་སུ་འཛིན་བཟུང་གིས་གོར་མོར་འཁྲིད་ཡོད་འདུག འདས་པོའི་ཕུང་པོ་ནང་མིར་རྩིས་སྤྲོད་མ་བྱས་པར་མེར་བསྲེགས་བཏང་ཡོད་འདུག
སྤྱིར་ལྷ་ས་ཁུལ་དུ་ཕྱི་ཟླ་ ༣ པའི་ནང་འཛིན་བཟུང་བྱས་པའི་དགེ་འདུན་པ་མང་པོ་ཞིག་སྔ་རྗེས་སུ་མེ་འཁོར་བརྒྱུད་གོར་མོ་དང་། ལན་ཀྲོའུ་སོགས་སུ་བཙན་འཁྲིད་བྱེད་ཀྱི་ཡོད་པའི་སྐོར་བརྒྱུད་ལམ་ཁག་ཅིག་ཏུ་བཀོད་ཐོན་ཟིན་ཡོད་པ་རྣམས་བདེན་པ་ཡིན་པའི་ར་འཕྲོད་ཀྱང་ཡོང་གི་ཡོད།(མཆན༔ འདས་གྲོངས་སོང་བའི་གྲངས་ཐོ་ཨང་ ༢༡༠ སླེབས།)
ཁམས་ནང་ཆེན་བོད་མིས་ངོ་རྒོལ་མཚོན་པའི་ལས་འགུལ་སྤེལ་བ། ཕྱི་ཟླ་ ༦ ཚེས་ ༡༨ ས་ག་ཟླ་བའི་ཚེས་ ༡༥ ཉིན་གྱི་སྔ་དྲོར་ཁམས་ནང་ཆེན་རྫོང་དུ་བོད་མི་མང་པོ་ཞིག་འདུ་འཛོམས་ཀྱིས་བསངས་གསོལ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་དང་། དེ་མཚམས་ཞི་རྒོལ་རྔམ་སྟོན་བྱ་རྩིས་བྱས་པར་རྒྱ་གཞུང་འབྲེལ་ཡོད་ཚན་པས་བཀག་འགོག་བྱས་འདུག སྐབས་དེར་བོད་མི་འཛིན་བཟུང་བྱས་མིན་སོགས་ཤེས་རྟོགས་མི་འདུག ཉིན་དེའི་དགོང་མོར་ནང་ཆེན་རྫོང་སྲིད་གཞུང་གི་ཁང་པའི་ཐོག་ཏུ་རྒྱ་མིའི་དར་ཆ་མར་ཕབ་སྟེ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་པ་དང་། ནང་ཆེན་རྫོང་ཐོག་གི་ས་ཆ་གང་སར་བོད་རང་བཙན་སྐོར་གྱི་ཡིག་ཆ་མང་པོ་སྦྱར་འགྲེམས་བྱས་ཡོད་པར་བརྟེན། རྒྱ་གཞུང་གིས་ནང་ཆེན་རྫོང་ཐོག་ཏུ་ཡོད་པའི་གྲྭ་བཙུན་སློབ་གཉེར་བྱེད་ས་སོགས་སྒེར་གཉེར་སློབ་གྲྭ་ཁག་སྒོ་བརྒྱབ་ཡོད་འདུག ཞིབ་ཕྲའི་གནས་ཚུལ་ཁ་གསལ་མི་འདུག
ཅོ་ནེ་རྫོང་ཁོངས་ཀྱི་གྲྭ་བ་གཉིས་ལ་ལོ་ཚད་ཀྱི་ཁྲིམས་ཆད་བཏང་བ། ཕྱི་ཟླ་ ༦ ཚེས་ ༡༥ ཉིན་ཨ་མདོ་ཅོ་ནེ་རྫོང་ཁོངས་ཆོས་དཔལ་ཞིང་མདོ་འཁོར་ཤང་ཁོངས་བཀྲིས་ཆོས་འཁོར་གླིང་དགོན་པའི་གྲྭ་བསྟན་འཛིན་དང་། བསྟན་འཛིན་རྒྱ་མཚོ་གཉིས་སོ་སོར་ལོ་ ༡༥ དང་། ལོ་ ༡༣ གྱི་དུས་བཀག་བཙོན་བཅུག་བཟོས་ཡོད་འདུག གྲྭ་བསྟན་འཛིན་ནི་ཕྱི་ཟླ་ ༣ པའི་ནང་ཞི་རྒོལ་སྐད་འབོད་ཀྱི་སྣེ་ཁྲིད་མཁན་གྲས་དང་། བསྟན་འཛིན་རྒྱ་མཚོ་ནི་མདོ་འཁོར་ཤང་སློབ་གྲྭའི་རྒྱ་མིའི་དར་ཆ་ཕབ་སྟེ་བོད་ཀྱི་རྒྱལ་དར་སྒྲེང་མཁན་གྱི་ཉེས་འཛུགས་བྱས་ཡོད་འདུག ཁྲིམས་ཆད་དེ་དག་ནམ་རྒྱུན་ལྟར་དྲང་བདེན་དང་ཕྱི་གསལ་ནང་གསལ་མེད་པའི་ཐོག་ནས་བཏང་ཡོད། ཁྲིམས་ཆད་གཏོང་མཁན་ཁྲིམས་ཁང་གི་མིང་ཁ་གསལ་མི་འདུག
གཞན་ཡང་ཅོ་ནེ་རྫོང་ཁོངས་སུ་བཀག་ཉར་བྱེད་བཞིན་པའི་གྲྭ་ལེགས་བཤད་དང་། བསྟན་འཛིན། གྲྭ་འོད་ཟེར། གཞན་མི་སྐྱ་ལྔ་བཅས་ལ་གང་མགྱོགས་ཁྲིམས་ཐག་གཅད་རྒྱུ་ཡིན་འདུག ཟླ་ ༣ ཚེས་ ༡༧ ཉིན་གོང་གསལ་ས་གནས་ནས་འཛིན་བཟུང་བྱས་པའི་བོད་མི་ཁག་ཅིག་ལ་རྒྱ་སྒོར་ ༢༠༠ ཐམ་པའི་དངུལ་ཆད་བསྡུས་ཏེ་ཉེ་ཆར་གློད་གྲོལ་བཏང་ཡོད་འདུག
འཛིན་བཟུང་བྱས་པའི་འབྲས་སྤངས་དགོན་པའི་གྲྭ་བ་ཁག་ཅིག་གར་ཡོད་ཤེས་རྟོགས་མེད་པ། ཕྱི་ཟླ་ ༤ ཚེས་ ༡༠ ཉིན་བོད་ཀྱི་འབྲས་སྤངས་དགོན་པར་དམག་མི་དང་ལས་དོན་རུ་ཁག་འཕར་མ་བཏང་སྟེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཤུགས་ཆེ་སྤེལ་སྐབས་དགེ་འདུན་པ་ཚོས་ངོ་རྒོལ་བྱས་རྐྱེན་ཚེས་ ༡༡།༡༢ སོགས་སུ་དགེ་འདུན་པ་མང་དག་ཅིག་འཛིན་བཟུང་བྱས་ཡོད་འདུག་པ་དང་། ད་ཆ་ཁོང་རྣམས་གར་ཡོད་རྩད་གཅོད་ནམ་ཡང་ཐུབ་ཀྱི་མེད་པ་རེད་འདུག ཁོང་ཚོའི་ཁྲོད་ནས་མིང་གཞུང་ར་འཕྲོད་བྱུང་བ་གཅིག་ནི་སྐྱེས་ཡུལ་སྟོད་ལུང་བདེ་ཆེན་རྫོང་ནས་ཡིན་པའི་ཕུན་ཚོགས་སྙིང་པོ་ཞུ་བ་ཞིག་དེའི་ཁོངས་ཡོད།
ཁམས་སྐྱེ་རྒུ་མདོར་ཞི་རྒོལ་བྱུང་བ། ཕྱི་ཟླ་ ༦ པའི་ནང་ཁམས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་ཆགས་ཡུལ་སྐྱེ་རྒུ་མདོ་ས་གནས་སུ་མི་སྐྱ་ཞིག་གིས་ངོ་རྒོལ་སྐད་འབོད་དང་ཡིག་ཆ་སྦྱར་འགྲེམས་བྱས་རྗེས་རྒྱ་གཞུང་འབྲེལ་ཡོད་ཚན་པས་འཛིན་བཟུང་བྱས་འདུག
ཡང་དེའི་ཕྱི་ཉིན་དུ་གྲྭ་བ་གཉིས་ཀྱིས་ངོ་རྒོལ་སྐད་འབོད་དང་ཡིག་ཆ་སྦྱར་འགྲེམས་བྱས་པར་འཛིན་བཟུང་བྱུང་འདུག ཞི་རྒོལ་བྱས་པའི་དུས་ཚེས་དང་ཞིབ་ཕྲའི་གནས་ཚུལ་ཁ་གསལ་མི་འདུག