༢༠༠༨།༦།༢༥
དཀར་མཛེས་རྫོང་ཁོངས་གྲོང་ཚོ་ཁག་ཏུ་ལས་དོན་རུ་ཁག་བསྐོར་བསྐྱོད་ཀྱིས་སྡིགས་ར་སྐུལ་བཞིན་པ། ཕྱི་ཟླ་ ༦ ཚེས་ ༢༣ སོགས་སུ་ཁམས་དཀར་མཛེས་རྫོང་ཁོངས་བེ་རི་དགོན་པའི་ཉེ་འདབ་ཀྱི་མི་ཉན་མདའ་སོགས་ཀྱི་གྲོང་ཚོ་ཁག་ཏུ་རྫོང་གི་ལས་དོན་རུ་ཁག་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ཆེད་བསྐོར་བསྐྱོད་བྱས་ཏེ། མུ་མཐུད་ངོ་རྒོལ་སྐད་འབོད་བྱེད་མཁན་གཅིག་ལངས་ན་གཅིག་གསོད་རྒྱུ་དང་གཉིས་ལངས་ན་གཉིས་གསོད་རྒྱུ་ཡིན་པའི་སྡིགས་ར་སྐུལ་གྱི་ཡོད་འདུག རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བཞིན་པའི་ཐད་ཞིབ་ཕྲའི་གནས་ཚུལ་ཁ་གསལ་མི་འདུག
དཀར་མཛེས་དུ་ ༢༠༠༨།༦།༢༢ ཉིན་ངོ་རྒོལ་ཐེངས་གསུམ་བྱུང་བའི་སྐོར་གྱི་གནས་ཚུལ་འཕར་མ། ཕྱི་ཟླ་ ༦ ཚེས་ ༢༢ ཉིན་དཀར་མཛེས་རྫོང་དུ་ཞི་རྒོལ་ཐེངས་གསུམ་ཙམ་བྱུང་བའི་གནས་ཚུལ་སྔོན་ཕུན་ཟིན་ཡང་། ད་ཆ་དེ་འབྲེལ་གནས་ཚུལ་འཕར་མ་འབྱོར་གསལ་དུ། ཉིན་དེའི་ཉིན་རྒྱབ་ཆུ་ཚོད་ ༣།༠༠ ཡོལ་ཙམ་དུ་མི་གྲངས་ ༢༠ ལྷག་ཙམ་གྱིས་ཞི་རྒོལ་ཞིག་བྱས་ཡོད་འདུག་པའི་ནང་རང་ལོ་ ༡༧ དུ་སོན་པའི་བོུ་དཔལ་མོ་དང་། རང་ལོ་ ༢༩ སོན་པའི་ཀརྨ་དབང་ཕྱུག་ཟེར་བའི་ཕོ་གསར་ཞིག་སོགས་ཀྱིས་མཉམ་ཞུགས་བྱས་ཡོད་པར་དྲག་ཆས་ཉེན་རྟོག་པས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་ཡོད་འདུག ངོ་རྒོལ་བ་གཞན་རྣམས་ཀྱི་མིང་གཞུང་ད་དུང་རག་སོན་མ་བྱུང་།
དཀར་མཛེས་རྫོང་དུ་གཞོན་སྐྱེས་ཤིག་གིས་ངོ་རྒོལ་བྱས་པ། ཕྱི་ཟླ་ ༦ ཚེས་ ༢༡ ཉིན་ཁམས་དཀར་མཛེས་རྫོང་མི་ཉན་མདའ་གྲོང་ཚོ་དག་ཆ་ཁ་མི་གསལ་ནས་ཡིན་པའི་རང་ལོ་ ༢༥ སོན་པའི་བྱམས་པ་ཆོས་འཕེལ་ཞུ་བ་ཞིག་ནས་ཉིན་དགུང་ཆུ་ཚོད་ ༡༡།༠༠ ཙམ་དུ་ལག་གཡས་སུ་བོད་ཀྱི་རྒྱལ་དར་དང་། གཡོན་དུ་བོད་རང་བཙན་འཁོད་པའི་ཕྲེད་དར་འཁྱེར་ཞིང་། མགོ་བོར་རས་དཀྲིས་ཡོད་པའི་སྟེང་༸གོང་ས་མཆོག་གི་སྐུ་པར་བཏགས་ཏེ་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན་ཞེས་སོགས་ཀྱི་སྐད་འབོད་བྱས་རྗེས་དྲག་ཆས་ཉེན་རྟོག་པས་ཉེས་རྡུང་ཚད་མེད་གཏོང་བཞིན་འཇུ་བཟུང་བྱས་ཡོད་འདུག
དཀར་མཛེས་རྫོང་དུ་གཞོན་སྐྱེས་ཤིག་གིས་ངོ་རྒོལ་བྱས་པ། དེ་མིན་ཕྱི་ཟླ་ ༦ ཚེས་ ༡༨ ཉིན་དཀར་མཛེས་རྫོང་ཁོངས་ཀྱི་རང་ལོ་ ༢༧ སོན་པའི་དཔལ་ལྡན་ཉི་མ་ཟེར་བ་ཞིག་གིས་སྐད་འབོད་བྱས་རྗེས་ཉེས་རྡུང་ཚད་མེད་ཕོག་སྟེ་འཇུ་བཟུང་བྱུང་ཡོད་འདུག་ཀྱང་། ཁོ་པའི་མཉམ་དུ་ངོ་རྒོལ་བ་གཞན་སུ་ཡོད་མིན་སོགས་གྱི་གནས་ཚུལ་ཁ་གསལ་མི་འདུག
དཀར་མཛེས་རྫོང་དུ་བོུ་ཞིག་གིས་སྐས་འབོད་བྱས་པ། ཕྱི་ཟླ་ ༦ ཚེས་ ༡༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥།༠༠ ཙམ་དུ་ཁམས་དཀར་མཛེས་ཁུལ་དུ་དྲག་ཆར་རླུང་འཚུབ་ཤུགས་ཆེ་བྱུང་མིན་ལ་མ་ལྟོས་པར་རང་ལོ་ ༢༥ སོན་པའི་བོུ་མཁའ་འགྲོ་ཟེར་བ་ཞིག་གིས་བོད་རང་བཙན་ཡིན། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་བྱས་པར་སྤྱི་བདེ་ཉེན་རྟོག་པས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བཙོན་འཇུག་བྱས་འདུག
དཀར་མཛེས་རྫོང་དུ་བེུད་ཅིག་གིས་ངོ་རྒོལ་བྱས་པ། ཕྱི་ཟླ་ ༦ ཚེས་ ༡༨ ཉིན་ཁམས་དཀར་མཛེས་རྫོང་ཁོངས་ཀྱི་ཡར་སྟོད་ལམ་སྣ་གྲོང་ནས་ཡིན་པའི་རང་ལོ་ ༣༢ དུ་སོན་པའི་བུད་མེད་པ་སངས་སྒྲོལ་མ་ཞུ་བ་ཞིག་ནས་རྫོང་ཐོག་ཏུ་བོད་རང་བཙན་གྱི་སྐད་འབོད་བྱས་པར་དྲག་ཆས་ཉེན་རྟོག་པས་ཉེས་རྡུང་ཚད་མེད་བཏང་སྟེ་འཛིན་བཟུང་བྱས་འདུག ཁོ་མོ་ངོ་རྒོལ་བྱེད་པར་འགྲོ་ཁར་མི་གཞན་ལ་ཁ་ཆེམས་ལྟ་བུ་བཞག་ཡོད་པ་ནི། “ང་ཚོའི་ཕ་མ་གཉིས་ཀྱིས་ལོ་ངོ་དེ་འདྲ་མང་པོའི་རིང་ལ་༸རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རྒྱུ་དང་། བོད་རང་དབང་རང་བཙན་ཐོབ་རྒྱུའི་རེ་སྒུག་རྐྱང་རྐྱང་བྱས་ཏེ་འདས་གྲོངས་སུ་ཕྱིན་ཡོད། ངས་ཀྱང་ཕ་མ་གཉིས་ཀྱིས་རེ་སྒུག་བྱས་པ་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་བསྒྲུབ་རྒྱུ་ཁས་ལེན་བྱས་ཡོད་པས་ཤི་སོང་ནའང་འགྱོད་པ་མེད།” ཅེས་ལན་བཞག་ཡོད་པའི་གནས་ཚུལ་འདུག
དཀར་མཛེས་རྫོང་དུ་གཞོན་སྐྱེས་ཤིག་གི་ངོ་རྒོལ་བྱས་པ། ཕྱི་ཟླ་ ༦ ཚེས་ ༡༡ ཉིན་རང་ལོ་ ༢༠ ཅན་གྱི་དཔལ་ལྡན་དབང་རྒྱལ་ཞུ་བ་ཞིག་ནས་དཀར་མཛེས་རྫོང་ཐོག་ཏུ་བོད་ཀྱི་རྒྱལ་དར་འཕྱར་ཏེ་ཞི་རྒོལ་བྱས་རྐྱེན་དྲག་ཆས་ཉེན་རྟོག་པས་ལམ་སེང་ཉེས་རྡུང་བཏང་སྟེ་འཇུ་བཟུང་བྱས་འདུག
དེ་ཉིན་དཀར་མཛེས་ལྷོ་པ་ནས་ཡིན་པའི་མི་སྐྱ་ཞིག་དང་དགེ་འདུན་པ་ཞིག་ནས་ཀྱང་རྫོང་ཐོག་ཏུ་ངོ་རྒོལ་བྱེད་སྐབས་དྲག་ཆས་ཉེན་རྟོག་པས་ལམ་སེང་འཇུ་བཟུང་བྱས་འདུག
དེ་བཞིན་ཕྱི་ཟླ་ ༦ ཚེས་ ༡༥།༡༨།༡༩།༢༠།༢༡ བཅས་ལ་དཀར་མཛེས་རྫོང་ཐོག་ཏུ་ངོ་རྒོལ་ཐེངས་མང་པོ་བྱུང་ཡོད་འདུག་ཀྱང་། རྒྱ་གཞུང་ནས་དམ་བསྒྲགས་ཤུགས་ཆེ་བྱེད་མུས་རྐྱེན་གྱིས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཐབས་མེད་པ་རེད་འདུག
དཀར་མཛེས་རྫོང་དུ་ཁང་དམར་དགོན་པའི་གྲྭ་བ་བཞིས་ཞི་རྒོལ་བྱས་པ། ཕྱི་ཟླ་ ༦ ཚེས་ ༩ ཉིན་ཁམས་དཀར་མཛེས་རྫོང་ཁོངས་ཀྱི་མཁའ་ནང་ཁང་དམར་དགོན་པའི་གྲྭ་རང་ལོ་ ༡༨ དུ་སོན་པ་བྱམས་དགའ་ཕུན་ཚོགས་དང་། རང་ལོ་ ༣༢ དུ་སོན་པ་ཡེ་ཤེས་རྡོ་རྗེ། རང་ལོ་ ༡༨ ཅན་བྱམས་པ་རྡོ་རྗེ། བསོད་ལུ་བཅས་བཞི་ཡིས་དཀར་མཛེས་རྫོང་ཐོག་ཏུ་བོད་ཀྱི་རྒྱལ་དར་འཕྱར་བཞིན་ཡིག་ཆ་མང་པོ་གཏོར་འགྲེམས་དང་འབྲེལ་ངོ་རྒོལ་སྐད་འབོད་བྱས་རྗེས་སྤྱི་བདེ་ཉེན་རྟོག་པས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་འདུག
གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་འཛུགས་འོག་བོུ་ཞིག་འཛིན་བཟུང་བྱས་པ། ཕྱི་ཟླ་ ༦ ཚེས་ ༩ ཙམ་དུ་ཁམས་དཀར་མཛེས་རྫོང་པ་གྲོང་ནས་ཡིན་པའི་དབྱངས་ཅན་མཁའ་འགྲོ་ཞེས་པ་ཞིག་ལ་ཕྱི་ཕྱོགས་ལ་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་འཛུགས་འོག་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
དཀར་མཛེས་དགོན་གྱི་གྲྭ་བ་གཉིས་ཀྱིས་སྐད་འབོད་བྱས་པ། ཕྱི་ཟླ་ ༦ ཚེས་ ༩ ཙམ་དུ་ཁམས་དཀར་མཛེས་རྫོང་དཀར་མཛེས་དགོན་གྱི་གྲྭ་ངག་དབང་ལྷུན་གྲུབ་དང་། སྐལ་ཉི་མ་གཉིས་ཀྱིས་ཀྱང་རྫོང་ཐོག་ཏུ་ཞི་བའི་ངོ་རྒོལ་བྱེད་སྐབས་དྲག་ཆས་དམག་མིས་ཉེས་རྡུང་ཚད་མེད་བཏང་སྟེ་འཛིན་བཟུང་བྱས་འདུག
རྔ་བ་རྫོང་སེ་དགོན་པའི་གནས་སྟངས་ཛ་དྲག་ཏུ་གནས་མུས། ཕྱི་ཟླ་ ༦ ཚེས་ ༡༠ ཉིན་ནས་བཟུང་ཨ་མདོ་རྔ་བ་རྫོང་ཁོངས་ཀྱི་སེ་དགོན་པར་དྲག་ཆས་ཉེན་རྟོག་པ་སོགས་ཁྱོན་ཆེ་ཡོང་སྟེ་དགེ་འདུན་པ་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་མ་ཟད། དགོན་པའི་ནང་གང་བྱུང་སྔོག་བཤེར་གྱིས་༸གོང་ས་མཆོག་གི་སྐུ་པར་འཕྲོག་བཅོམ་བྱས་ཡོད་འདུག ཚེས་ ༡༡།༡༢ སོགས་སུ་མུ་མཐུད་དེ་དགོན་པའི་ནང་ལོ་གསུམ་ཕྱོགས་གསུམ་གྱི་མཚམས་སུ་བཞུགས་མུས་ཡིན་པའི་དགེ་འདུན་པ་ཚོ་ལའང་སུན་གཙེར་ཤུགས་ཆེ་བཟོས་ཡོད་པ་དང་། ལོ་ན་ཆུང་གྲས་ཀྱི་གྲྭ་བ་རྣམས་དགོན་པར་སྡོད་མི་ཆོག་པའི་ཚོད་འཛིན་བྱས་པ་སོགས་ཀྱིས་ད་ཆ་དགོན་པ་ཁང་སྟོང་དུ་འགྱུར་ཉེན་ཡོད་པའི་ཛ་དྲག་གི་གནས་སྟངས་ཐོག་ཡོད་མུས་རེད་འདུག
ངོ་རྒོལ་བ་འཛིན་བཟུང་སྐབས་བཀག་འགོག་བྱེད་མཁན་གཉིས་འཇུ་བཟུང་བྱས་པ།ཁམས་དཀར་མཛེས་རྫོང་ཁོངས་སུ་ངོ་རྒོལ་ཐེངས་མང་བྱུང་རིང་སྤྱི་བདེ་ཉེན་རྟོག་པས་བོད་མི་ངོ་རྒོལ་བ་ཁག་འཛིན་བཟུང་བྱེད་སྐབས་དཀར་མཛེས་རྫོང་རྒྱན་བཟང་གྲོང་ཚོ་ནས་ཡིན་པའི་ངག་དགའ་དང་། རྡོ་རྗེ་བཀྲིས་ཟེར་བ་གཉིས་ཀྱིས་བཀག་འགོག་བྱ་རྩིས་བྱས་པར་ཁོང་གཉིས་པོ་འཛིན་བཟུང་བྱས་ཡོད་འདུག དུས་ཚེས་གང་དུ་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་ཁ་གསལ་མི་འདུག