༢༠༠༨།༦།༢༡
ས་ག་ཟླ་བའི་བོད་ཚེས་ ༡༥ ཉིན་འབྲས་སྤུངས་དང་སེ་ར་དགོན་པར་ངོ་རྒོལ་བྱུང་ཡོད་ཚོད་འདུག་པ།
ཕྱི་ཟླ་ ༦ ཚེས་ ༡༨ བོད་ཚེས་ ༡༥ ཉིན་བོད་དུ་འབྲས་སྤུངས་དགོན་པའི་ནང་མེ་མདའ་བརྒྱབ་འདུག དེ་ཡང་ཉིན་དེར་འབྲས་སྤུངས་དགོན་པའི་དགེ་འདུན་པས་ངོ་རྒོལ་བྱས་རྐྱེན་དྲག་ཆས་ཉེན་རྟོག་པས་གནམ་མདའ་བརྒྱབ་པ་ཞིག་ཡིན་ཚུལ་ས་གནས་ནས་གནས་ཚུལ་ཤེས་རྟོགས་ཡོད་མཁན་གྱིས་འགྲེལ་བརྗོད་བྱས་འདུག་ཀྱང་། ཞིབ་ཕྲའི་གནས་ཚུལ་ཁ་གསལ་མི་འདུག ཉིན་དེའི་དགོང་དྲོར་སེ་ར་དགོན་པའི་གྲྭ་བ་ ༡༢ དྲག་ཆས་ཉེན་རྟོག་པས་འཇུ་བཟུང་བྱས་འདུག་ཀྱང་། དོན་རྐྱེན་ཇི་བྱུང་ཁ་གསལ་མི་འདུག
ཁམས་དཀར་མཛེས་རྫོང་དུ་ཞི་རྒོལ་སླར་ཡང་བྱུང་བ།
ཕྱི་ཟླ་ ༦ ཚེས་ ༡༤ ཉིན་ཁམས་དཀར་མཛེས་རྫོང་ཁོངས་ཀྱི་ཁང་དམར་དགོན་དགེ་ལྡན་བསམ་འགྲུབ་གླིང་གི་རང་ལོ་ ༢༧ དུ་སོན་པའི་གྲྭ་ཡེ་ཤེས་དཔལ་ལྡན་ཞུ་བ་ཞིག་གིས་ རྫོང་ཉེན་རྟོག་ལས་ཁུངས་མདུན་དུ། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་ཞེས་སོགས་ཀྱི་ཞི་བའི་སྐད་འབོད་བྱེད་སྐབས་སྤྱི་བདེ་ཉེན་རྟོག་པས་ལྕགས་ཧྲེང་སོགས་ཀྱིས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་ཡོད་པ་རེད། དེ་མིན་ཕྱི་ཟླ་ ༦ ཚེས་ ༡༥ ཉིན་སླར་ཡང་བོད་མི་ཞིག་གིས་དཀར་མཛེས་རྫོང་ཁོངས་སུ་ཞི་བའི་སྐད་འབོད་བྱས་འདུག་ཀྱང་། ཞིབ་ཕྲའི་གནས་ཚུལ་ཁ་གསལ་མི་འདུག
སེ་དགོན་པའི་གྲྭ་བ་མང་དག་ཅིག་བྲོས་བྱོལ་དུ་སོང་བ།
ཕྱི་ཟླ་ ༦ ཚེས་ ༩ ཉིན་ཨ་མདོ་རྔ་བ་རྫོང་སེ་དགོན་པའི་འགྲམ་གྱི་ལམ་ཆེན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་པ་དང་། བོད་རང་བཙན་དགོས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་སོགས་འཁོད་པའི་སྦྱར་ཡིག་མང་དག་སྦྱར་འགྲེམས་བྱས་ཡོད་པར་བརྟེན། ཕྱི་ཟླ་ ༦ ཚེས་ ༡༡ ཉིན་དྲག་ཆས་ཉེན་རྟོག་པས་དགོན་པར་བསྐོར་ཏེ་གང་བྱུང་སྔོག་བཤེར་བྱས་པ་སོགས་ཀྱི་རྐྱེན་པས་དགེ་འདུན་པ་མང་པོ་ཞིག་དགོན་པར་གནས་མ་ཐུབ་པར་བྲོས་བྱོལ་དུ་འགྲོ་དགོས་བྱུང་འདུག
རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གནས་སྟངས་ཛ་དྲག་ཏུ་གྱུར་བ། ཕྱི་ཟླ་ ༦ ཚེས་ ༢ ཉིན་ཨ་མདོ་འབར་ཁམས་རྫོང་གི་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པར་དམིགས་བསལ་དྲག་ཆས་ཉེན་རྟོག་པ་ཡོང་སྟེ་དགོན་པའི་ནང་རྒྱ་མིའི་རྒྱལ་དར་བཙུགས་ཡོད་ཀྱང་། དགེ་འདུན་པ་ཚོས་གསང་བའི་ཐོག་རྒྱལ་དར་དེ་དག་ཚེས་ ༣ དགོང་དྲོར་རྩ་མེད་བཟོས་ཡོད། དེའི་རྐྱེན་ལས་ད་ཆ་དགོན་པའི་ཕྱི་ནང་དུ་འགྲོ་བསྐྱོད་བྱ་རྒྱུར་བཀག་འགོག་བྱས་ཡོད་པ་མ་ཟད། དགོན་པར་དྲག་ཆས་ཉེན་རྟོག་པ་མང་དུ་བཏང་ཡོད་པ་དང་། དར་ཆ་འཛུགས་ཡུལ་རྩ་མེད་བཏང་བ་དེ་དག་ནག་ཉེས་ཆེན་པོ་ཞིག་ཡིན་ཚུལ་བརྗོད་དེ་བྱེད་གཏེ་རྣམས་རྩད་གཅོད་བྱེད་བཞིན་ཡོད་པ་བཅས་དགོན་པའི་གནས་སྟངས་ཛ་དྲག་གྱུར་ཡོད་འདུག
ཀིརྟིའི་གདོང་རུ་དགོན་དུ་སློབ་གསོའི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་པ།
ཀིརྟིའི་གདོང་རུ་དགོན་པའི་དགེ་འདུན་པ་རྣམས་ལ་རྒྱ་གཞུང་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་ཤུགས་ཆེ་སྤེལ་ཏེ་སུན་གཙེར་ཅི་ཆེ་བཟོ་བཞིན་པ་ཙམ་མ་ཟད། དགོན་པའི་གཤམ་འོག་ཏུ་དྲག་ཆས་ཉེན་རྟོག་པས་གུར་ཕུབ་སྟེ་དགེ་འདུན་པ་ཚོའི་འགྲོ་བསྐྱོད་ཐད་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་འདུག ཕྱི་ཟླ་ ༣ པའི་ནང་དགོན་པ་དེའི་གྲྭ་བ་ལྔ་འཛིན་བཟུང་བྱས་ཡོད་པ་ད་ལྟ་ཁོང་ཚོ་མའོ་ཝུན་རྫོང་བཙོན་ཁང་ནས་རྐ་ཁོག་རྫོང་བཙོན་ཁང་དུ་སྤོ་སྐྱེལ་བྱས་ཡོད་ཀྱང་། སྤུན་ཉེ་ཚོས་ངོ་ཐུག་བྱེད་བཅུག་གི་མེད་པ་རེད་འདུག
ལྷ་སའི་ངོ་རྒོལ་སྐབས་སུ་མེ་མདའ་ཕོག་མཁན་ཞིག་གི་མིང་གསར་དུ་ཤེས་པ།
ཟླ་ ༣ ཚེས་ ༡༤ ཉིན་ལྷ་སར་ངོ་རྒོལ་སྐབས་སུ་རྒྱ་དམག་གིས་མེ་མདའ་གང་བྱུང་བརྒྱབ་རྐྱེན་ར་མོ་ཆེ་ལམ་བརྒྱུད་དུ་བསོད་ནམས་(བེུད་)ཞེས་པའི་མཇིང་པར་མེ་མདའ་ཕོག་ཡོད། ཁོ་མོ་སྨན་རྩིས་ཁང་དུ་སྨན་བཅོས་བྱས་ཏེ་ཉིན་གསུམ་སོང་མཚམས་དྲག་ཆས་དམག་མིས་མེ་མདའ་ཕོག་པའི་ནད་པ་མང་ཆེ་བ་འཛིན་བཟུང་བྱེད་ཀྱི་ཡོད་པ་ལྟར་ཁོང་མོའང་འཛིན་བཟུང་གིས་འདྲི་རྩད་ཐེངས་མང་བྱས་འདུག མཐར་ཕྱི་ཟླ་ ༥ པའི་ཟླ་མཇུག་ཏུ་གློད་གྲོལ་བཏང་ཡོད་འདུག ཁོ་མོར་མེ་མདའ་ཕོག་སྐབས་ཁོ་མོའི་བོུ་ཆོས་ལགས་(མིང་ཆ་ཚང་མ་ཤེས་ཀྱང་། རྒྱ་ནག་ནས་སློབ་ཐོན་བྱུང་བའི་གྲས།) དྲག་ཆས་ཉེན་རྟོག་པས་འཛིན་བཟུང་གྱིས་ཉེས་རྡུང་ཚད་མེད་བཏང་བ་དང་། ཟླ་བ་གཉིས་ལྷག་བཀག་ཉར་བྱས་རྗེས་ཕྱི་ཟླ་ ༥ པའི་ཟླ་མཇུག་ཏུ་གློད་གྲོལ་བཏང་ཡོད་འདུག་ཀྱང་། ཉེས་རྡུང་ཚབས་ཆེ་ཕོག་རྐྱེན་གཟུགས་བབས་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་འདུག གོང་གསལ་མ་དང་བོུ་གཉིས་ཀྱི་སྐྱེས་ཡུལ་ལྷ་ས་ནས་ཡིན་འདུག་པ་བཅས།།