༢༠༠༨།༦།༢༠
ཁམས་དཀར་མཛེས་རྫོང་ཐོག་ཏུ་བཙུན་མ་གཉིས་ཀྱིས་སྐད་འབོད་བྱས་པ།
ཕྱི་ཟླ་ ༦ ཚེས་ ༡༨ ཉིན་ཁམས་དཀར་མཛེས་རྫོང་ཁོངས་ཀྱི་དགེ་བ་བྲག་བཙུན་དགོན་གྱི་བཙུན་མ་ཤིས་མཚོ་རང་ལོ་ ༢༦དང་། དུང་མཚོ་རང་ལོ་ ༢༠ ཙམ་གཉིས་ནས་དཀར་མཛེས་རྫོང་ཐོག་ཏུ་ཞི་བའི་སྐད་འབོད་བྱས་འདུག ཁོང་གཉིས་ཀྱིས་སྐད་འབོད་བྱས་མ་ཐག་སྤྱི་བདེ་ཉེན་རྟོག་པས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་ཡོད་འདུག རྒྱུན་གཏན་དགེ་བ་བྲག་བཙུན་དགོན་དེེར་ཁྱོན་བསྡོམས་བཙུན་མ་ ༡༢༠ ལྷག་ཙམ་ཡོད། ཕྱི་ཟླ་ ༤ པའི་ནང་དུའང་བཙུན་དགོན་དེའི་བཙུན་མ་གཉིས་ལ་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག དེ་བཞིན་ཉིན་ཤས་སྔོན་དཀར་མཛེས་རྫོང་ཁོངས་ཀྱི་དུད་ཚང་ཁག་ཁ་ཤས་ཀྱི་ཁ་དཔར་གྱི་གློག་སྐུད་བཅད་ཡོད་འདུག དེ་སྔ་འཛིན་བཟུང་བྱས་པའི་དཀར་མཛེས་རྫོང་ཁོངས་ཀྱི་བཙུན་མ་རྣམས་དར་རྩེ་མདོ་ཁུལ་དུ་འཁྲིད་ཟིན་འདུག
འཛིན་བཟུང་བྱས་པ་ཁག་ཅིག་གར་སོང་ཆ་མེད་དུ་འགྱུར་བཞིན་པ།
ཕྱི་ཟླ་ ༣ ཚེས་ ༡༠ ཉིན་འབྲས་སྤངས་དགོན་པ་ནས་འཛིན་བཟུང་བྱས་པའི་གྲྭ་པདྨ་ཚེ་རིང་དང་། པདྨ། བསམ་གཏན་བཅས་གར་སོང་ཆ་མེད་དུ་གྱུར་འདུག ཁོང་གསུམ་པོ་རྒྱུན་གཏན་འབྲས་སྤངས་དགོན་པའི་སྒྲིག་ཁོངས་སུ་དངོས་སུ་ཚུད་མེད་ཀྱང་དགོན་པར་སློབ་གཉེར་བྱེད་མཁན་གྲས་ཡིན་ཞིང་། སྐྱེས་ཡུལ་སྟོད་ལུང་བདེ་ཆེན་རྫོང་ཆུ་བཟང་ཤང་ལྡིང་ཁ་གྲོང་ཚོ་ནས་ཡིན། ཁོང་ཚོའི་ནང་མི་སྤུན་མཆེད་ཚོས་ལྷ་སའི་ཉེ་འཁོར་གྱི་བཙོན་ཁང་ཡོངས་རྫོགས་སུ་ཞིབ་རྩད་བྱས་ཀྱང་། ཁོང་ཚོ་བཙོན་ཁང་གང་དུའང་མེད་པར་གྱུར་ཡོད་འདུག
དེ་མིན་ཟླ་ ༤ པའི་དཀྱིལ་དུ་འབྲས་སྤངས་དགོན་པ་ནས་རང་ལོ་ ༤༥ སོན་པའི་གྲྭ་བློ་བཟང་དབང་ཕྱུག སྐྱེས་ཡུལ་ལྷ་ས་ནས་ཡིན་པ་དེ་སྔོན་འབྲས་སྤངས་དགོན་པའི་གྲྭ་བ་ ༩༠ ཙམ་དུས་གཅིག་ཏུ་འཛིན་བཟུང་བྱས་པའི་ཁོངས་སུ་ཡོད་འདུག་པ་དང་། གཞན་ཡང་སྐྱེས་ཡུལ་ལྷོ་ཁ་ནས་ཡིན་ཅིང་། འབྲས་སྤངས་དགོན་དུ་རྒན་ཆོས་བྱས་པ་བཀྲིས་ཟེར་བ་ཞིག་དང་། ཁོང་རང་གི་བུ་འབྲས་གྲྭ་ཕུན་ཚོགས་ཚེ་དབང་བཅས་དགོན་པ་ནས་དྲག་ཆས་ཉེན་རྟོག་པས་འཇུ་བཟུང་བྱས་རྗེས་ད་ལྟ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཐོན་འདུག
ལྷ་སའི་ངོ་རྒོལ་དུ་ཞུགས་མཁན་གྲས་མུ་མཐུད་འཛིན་བཟུང་བྱེད་བཞིན་པ།
རང་ལོ་ ༢༠ ཐམ་པར་སོན་པའི་བསྟན་ཆོས་སམ་བསྟན་འཛིན་ཆོས་གྲགས་ལགས་ནི་རྒྱུན་གཏན་ལྷ་སར་ཕྱི་རྒྱལ་གྱི་རོགས་ཚོགས་ཤིག་ནང་ལས་ཀ་བྱས་ཤིང་སྤྱི་ཚོགས་ཞབས་འདེགས་ཞུ་མཁན་ཤེས་ཡོན་གཉིས་ལྡན་གྱི་གཞོན་སྐྱེས་ཤིག་ཡིན། བསྟན་ཆོས་ནི་ལྷ་སར་སྐྱེས་ཤིང་། ཕ་མིང་ལ་མཁས་གྲུབ་ཟེར། ཉེ་ཆར་ཕྱི་ཟླ་ ༤ པའི་ནང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཁོ་པ་འདི་ལོའི་ཕྱི་ཟླ་ ༣ པའི་ནང་ལྷ་སར་ཞི་རྒོལ་བྱེད་མཁན་གཙོ་གྲས་སུ་རྩིས་ཏེ་གློ་བུར་ཁྱིམ་ནས་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟའི་ཆར་ཁྲིམས་ཆད་གཏོང་གཏན་འཁེལ་ཡོད་པ་མ་ཟད། ཁོ་པའི་གནས་སྟངས་དང་འདྲ་བའི་མི་སྣ་ཁག་ཅིག་ལའང་ལོ་ཚད་ཀྱི་ཁྲིམས་ཆད་གཏོང་གཏན་འཁེལ་ཡོད་འདུག