༠༨།༦།༡༦
ལྷ་ལྡན་གཙུག་ལག་ཁང་གི་ཕྱིར་བོུ་ཞིག་དམར་བསད་བཏང་བ། ཕྱི་ཟླ་ ༥ ཚེས་ ༢༠ ཙམ་དུ་བོད་ནང་གི་ཉིན་དགུང་ཆུ་ཚོད་ ༡༢།༠༠ ཡས་མས་སུ་ལྷ་ལྡན་གཙུག་ལག་ཁང་གི་ལྷོ་སྒོའི་ཕྱོགས་སུ་ལྷ་སའི་ཕྱི་ཕྱོགས་ནས་ཡོང་བའི་གྲོང་གསེབ་ཀྱི་བོུ་ཕྱུ་པ་གྱོན་ཞིང་སྒོ་རས་དཀྲིས་པ་ཞིག་ལ་དྲག་ཆས་དམག་མིས་སྐད་སྒྲ་མེད་པའི་ལྐོག་མདའ་བརྒྱབ་ནས་དམར་བསད་བཏང་ཡོད་འདུག གནས་ཚུལ་བྱུང་རྐྱེན་གཙོ་བོ་ནི་བོུ་དེ་གཙུག་ལག་ཁང་ནང་དུ་སྤུན་མཆེད་ཅིག་ཡོད་པ་ཐུག་འཕྲད་ཆེད་འགྲོ་དགོས་ཡོད་སྐོར་དམག་མིར་འགྲེལ་བརྗོད་བྱས་པ་དང་བཤད་རེད་བྱུང་སྐབས་གློ་བུར་རྒྱབ་ངོས་ནས་དམག་མི་གཞན་ཞིག་གིས་སྒྲ་མེད་པའི་ལྐོག་མདའ་བརྒྱབ་སྟེ་བོུ་དེ་རང་སར་འགྱེལ་ཡོད་འདུག་ཅིང་། དངོས་སུ་མཐོང་མཁན་གྱིས་འགྲེལ་བརྗོད་བྱས་པར་གཞིགས་ན། བོུ་དེ་ས་ལ་རིལ་ཏེ་བྲང་ཁོག་ནས་ཁྲག་ཐོན་གྱི་ཡོད་འདུག་ཀྱང་། ཉེ་འཁོར་མི་མང་ནས་ལྟ་རུབ་བྱེད་མ་བཅུག་པར་མེ་མདའ་བསྟན་ཏེ་མི་ཚང་མ་ཁ་འཐོར་དུ་བཏང་ཡོད་འདུག་པ་དང་། དེ་མཇུག་བོུ་དེའི་ཕུང་པོ་དམག་མི་དེ་ཚོས་འཁྱེར་ཕྱིན་འདུག སྤྱིར་ལྷ་སའི་ནང་ཕྱི་ཕྱོགས་ནས་དྲག་ཆས་དམག་མི་ཤུགས་ཆེ་བཀྲམས་ཡོད་པ་དང་། བོད་མི་ཚོས་ཁོང་ཚོར་རྒྱུ་མཚན་བཤད་ས་གང་ཡང་མེད་པར་སོ་སོའི་ངོ་སྤྲོད་ལག་འཁྱེར་སྟོན་སྔ་རྟིང་ལའང་ཁོང་ཚོས་ཉེས་རྡུང་གཏོང་བ་དང་ཚིག་རྩབ་བརྗོད་པ་སོགས་ནི་བོད་མི་མང་དག་ཅིག་ལ་བྱུང་ཡོད་སྐོར་བོད་ནང་གི་བོད་མི་ཚོས་བརྗོད་བཞིན་ཡོད་འདུག ཁག་ཅིག་ནས་བོུ་དེ་ནི་སྐྱེས་ཡུལ་ལྷོ་ཁ་ཁུལ་ནས་ཡིན་པ་དང་། གཙུག་ལག་ཁང་ནང་སྤུན་མཆེད་ཅིག་ཡོད་པ་ཐུག་འཕྲད་དུ་འགྲོ་མཁན་ཡིན་འདུག་ཅེས་བརྗོད་པ་ལས། ཞིབ་ཕྲའི་གནས་ཚུལ་ཁ་གསལ་མི་འདུག