༠༨།༦།༡༢
ཁམས་དཀར་མཛེས་རྫོང་ཐོག་ཏུ་མི་གསུམ་གྱིས་ཞི་རྒོལ་བྱས་པར་རྡུང་རྡེག་འཛིན་བཟུང་བྱུང་བ།
ཕྱི་ཟླ་ ༦ ཚེས་ ༡༡ ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡།༠༠ ཙམ་དུ་ཁམས་དཀར་མཛེས་རྫོང་ཁོངས་མདའ་མདོ་ཤང་ར་ཁ་གྲོང་ནས་ཡིན་པའི་རང་ལོ་ ༣༠ སོན་པའི་རྣམ་སྲས་ལྷ་མོ་(མི་སྐྱ་)དང་། རང་ལོ་ ༣༢ དུ་སོན་པའི་བསྟན་འཛིན་དར་རྒྱས།(མི་སྐྱ་) དེ་མིན་དགེ་འདུན་པ་གཅིག་བཅས་ནས་དཀར་མཛེས་རྫོང་ཐོག་ཏུ་ངོ་རྒོལ་སྐད་འབོད་བྱས་འདུག ངོ་རྒོལ་སྐབས་གཙོ་བོར། ༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་མྱུར་དུ་ཞུ་དགོས། བོད་ལ་རང་དབང་དགོས། ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས། རྒྱ་མི་བོད་ནས་ཕར་འགྲོ་དགོས་པ་སོགས་ཀྱི་སྐད་འབོད་བྱས་རྗེས་དྲག་ཆས་ཉེན་རྟོག་དམག་མི་ཡོང་སྟེ་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་ཡོད་པ་རེད། སྐབས་དེར་རྣམ་སྲས་ལྷ་མོ་འཛིན་བཟུང་བྱེད་སྐབས་ཁོ་མོའི་ཕ་གཅིག་མ་གཅིག་གི་སྤན་མཆེད་ཅིག་གིས་བཀག་འགོག་བྱ་རྩིས་བྱས་པ་སོགས་ལ་བརྟེན། རྗེས་སུ་དྲག་ཆས་ཉེན་རྟོག་པ་ཁོ་པའི་ཁྱིམ་དུ་ཡོང་སྟེ་འཛིན་བཟུང་བྱེད་སྐབས་སྤན་མཆེད་དེ་རང་ཁྱིམ་ནས་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད། གནས་ཚུལ་ཡོང་ཁུངས་ཁག་ཅིག་གིས་དེ་ཉིན་སྐད་འབོད་བྱེད་མཁན་སྔ་རྗེས་བསྡོམས་མི་ལྔ་བྱུང་ཡང་། ཚང་མ་འཛིན་བཟུང་བྱས་འདུག་ཀྱང་། མི་ལྔ་ཡོད་པའི་སྐོར་གྱི་གནས་ཚུལ་དེ་ཁ་གསལ་ཞིག་མི་འདུག
ཁམས་དཀར་མཛེས་རྫོང་ཐོག་ཏུ་གྲྭ་བ་གཉིས་ཀྱིས་ཞི་རྒོལ་བྱས་པར་འཛིན་བཟུང་བྱུང་བ།
དེ་མིན་གནས་ཚུལ་ཡོང་ཁུངས་ཁག་ཅིག་ནས་ཟླ་ ༦ ཚེས་ ༡༠ ཉིན་ཁམས་དཀར་མཛེས་རྫོང་ཐོག་ཏུ་དགེ་འདུན་པ་གཉིས་ཙམ་གྱིས་སྐད་འབོད་བྱས་རྗེས་འཛིན་བཟུང་བྱས་ཡོད་པ་ཙམ་མ་ཟད། བེུད་ཅིག་ནས་ཕྱི་ཕྱོགས་སུ་ཁ་པར་བརྒྱུད་འབྲེལ་བ་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱས་ཏེ་རྫོང་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་ཀྱང་། གནས་ཚུལ་ཁ་གསལ་གང་ཡང་མི་འདུག
དེ་སྔ་འཛིན་བཟུང་ཚུད་པ་ཁག་ཅིག་དངུལ་ཆད་ལྗིད་པོ་བཏང་སྟེ་གློད་གྲོལ་བཏང་བ།
ཨ་མདོ་ཀན་ལྷོ་ས་ཁུལ་རྨ་ཆུ་རྫོང་ཁོངས་ནས་ཟླ་ ༣ ཚེས་ ༢༢།༢༣ ཙམ་དུ་འཛིན་བཟུང་བྱས་པའི་སེར་སྐྱ་ཁག་ཅིག་ཉེ་དུས་དངུལ་ཆད་ལྗིད་པོ་བཅད་དེ་གློད་གྲོལ་བཏང་ཡོད། དེའི་ཁོངས་འགའ་ཤས་ལ་ཉེས་རྡུང་ཚབས་ཆེ་ཕོག་སྟེ་ནད་གཅོང་ཆགས་ཡོད་འདུག ལྷག་པར་ཟླ་ ༤ ཚེས་ ༡༧ ཉིན་རྒྱ་ནག་ལན་ཀྲའུ་གྲོང་ཁྱེར་ཁུལ་ནས་འཛིན་བཟུང་བཀག་ཉར་བྱས་པའི་བློ་གྲོས་དབང་པོའམ་ཞི་བདེ་རྒྱ་མཚོ་ཞུ་བ་ཟླ་ ༥ ཚེས་ ༢༧ ཉིན་གློད་གྲོལ་བཏང་ཡོད་ཀྱང་། ཁོང་གློད་གྲོལ་ཡོང་རྒྱུར་རྒྱ་སྒོར་ཁྲི་འགའ་རེའི་གྲོན་དངུལ་གཏོང་དགོས་བྱུང་འདུག ཁོང་འཛིན་བཟུང་བྱས་རྗེས་ཁོང་གིས་བཙུགས་པའི་ཞི་བདེ་རྒྱ་མཚོའི་ཆེད་གཉེར་སློབ་གྲྭ་ཞེས་པ་སྒོ་བརྒྱབས་ཏེ་སློབ་ཕྲུག་རྣམས་རྨ་ཆུ་རྫོང་བོད་པའི་སློབ་ཆུང་ནང་ཟླ་སྒྲིལ་བཏང་ཡོད་པ་དང་། ཁོང་ལ་སློབ་གྲྭར་ལྟ་རྟོག་བྱེད་མི་ཆོག་པའི་བཙན་བཀའ་བཏང་འདུག་པ་བཅས།།